菩薩藏佛教學會
20
背景
翻譯
下載 ▾

D053|D053(續6)

53-249a 聚輪儀軌如意珠 ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་ཀུན་གྱི་གཞི། །ལམ་དང་དངོས་གྲུབ་མཐར་ཕྱིན་པ། །རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །དེ་འདིར་བསྡུས་ཏེ་བརྗོད་པར་བྱ། །དམ་ཚིག་ཉམས་པའི་སྐྱོན་སེལ་ཅིང་། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ། །འདོད་པའི་དོན་ཀུན་སྒྲུབ་པ་ཉིད། །ལྷག་པའི་ལྷ་ཡང་ཚིམ་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་པར་བྱེད། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །རིམ་འདིས་འདོད་པའི་འབྲས་བུ་འབྱིན། །ཇི་ལྟར་ཡང་དག་སྦྱོར་བ་ལས། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །འདོད་པའི་དོན་ཀུན་གྲུབ་བྱེད་ཅིང་། །དགེ་བའི་ཚོགས་ལ་འདུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་བ་ཉིད། །དེ་བཞིན་རྡོ་རྗེ་ཕྲེང་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཚོགས་ཀྱི་འཁོར་ལོའི་རིམ་པ་འདི། །གང་ཞིག་མཆོད་པ་བཞིན་དུ་སྤྱད། །རང་གཞན་དངོས་གྲུབ་ཉེ་བ་ཉིད། །འདིར་ནི་མགྲོན་དང་དུས་དང་ནི། །གནས་དང་རྫས་དང་བྱ་བའོ། །མཆོག་ཏུ་གྱུར་པའི་ཆོ་ག་འདིས། །གང་ཞིག་དངོས་གྲུབ་མངོན་དུ་འགྱུར། །དེ་ལ་ཚོགས་ཀྱི་འཁོར་ལོའི་སྒྲ། །དོན་ནི་དགོས་པའི་སྒོ་ནས་ཏེ། །མགྲོན་གྱི་རང་བཞིན་བཤད་པར་བྱ། །དཔལ་ལྡན་རྡོ་རྗེ་ཕྲེང་བ་ལས། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན། །མཉམ་ཞིང་གཅིག་ཏུ་གྱུར་བྱས་ནས། །བརྡ་དང་ཕྱག་རྒྱའི་སྦྱོར་བར་ཤེས། །དམ་ཚིག་ལྡན་པ་འཇུག་པའོ། །དེ་ལ་མང་དུ་འདུས་པའི་ཚོགས། །འཁོར་ལོ་ལྷ་ཡི་རིམ་པ་ཉིད། །ཐུན་མོང་དུས་སུ་བཤད་པ་ཉིད། །ཁྱད་པར་འདི་ཡིས་ཤེས་པར་བྱ། །ཐམས་ཅད་དུ་ནི་དམ་ཚིག་གཅིག །རྟོག་པ་ཐམས་ཅད་ཡོངས་སུ་སྤངས། །བླ་མ་ལ་གུས་ཏིང་འཛིན་གནས། །སྦྱིན་སོགས་ཡོན་ཏན་རྒྱན་སྤྲས་པའི། །ཐབས་འདིས་ཚོགས་ཀྱི་འཁོར་ལོ་ལ། །བགེགས་མེད་པར་ནི་རབ་ཏུ་འཇུག །གཞན་དུ་སྐྱོན་དང་བཅས་པར་འགྱུར། །ཐབས་དང་ཤེས་རབ་ཕན་ཚུན་དུ། །ཡིད་འཕྲོག་བྱ་དང་བྱ་མིན་མཁས། །ལོ་ནི་ཉི་ཤུ་ལྔ་ལོན་ལས། ། 53-249b ལྷག་པ་ཡོངས་སུ་སྤང་བར་བྱ། །ཡོངས་ཤེས་ཐབས་ནི་ཐམས་ཅད་ལ། །ཤེས་རབ་གཅིག་གིས་བྱ་བ་མིན། །འདིར་ནི་སྒྲུབ་པ་གཅིག་པ་ཡི། །བླ་མས་སློབ་མ་རྗེས་སུ་གཟུང་། །ཇི་སྐད་སྡོམ་པ་འབྱུང་བ་ལས། །གང་ཞིག་དཀྱིལ་འཁོར་དགེ་བར་འགྱུར། །སློབ་དཔོན་སྔོན་དུ་ཕྱོགས་བྱས་ནས། །སློབ་དཔོན་ཡོན་ཏན་མ་བསྡམས་ན། །འཇིག་རྟེན་པ་ཡིས་དཔྱས་པར་འགྱུར། །སློབ་དཔོན་མེད་པར་གྱུར་པ་ན། །གཞན་ཡང་བླ་མ་མཚན་ཉིད་ལྡན། །འཁོར་ལོའི་དབང་ཕྱུག་བྱས་པ་ཉིད། །གུས་པ་གཅིག་པའི་ཚུལ་གྱིས་སྤྱད། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ཞི་ལ་སོགས་པའི་ཕྲིན་ལས་དང་། །སྔགས་ཀྱི་སྦྱོར་བའི་ཆོ་ག་ཤེས། །བྱ་བ་ཉི་ཤུའི་དབྱེ་བས་ནི། །བླ་མའི་ཆོ་ག་བྱ་བ་ཉིད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཕ་རོལ་འགྲོ། །ཉིན་མཚན་རྟག་པར་དགེ་ལ་སྤྲོ། །ཤེས་རབ་རྣོ་ཞིང་བཟོ་གནས་མཁས། །གཉིས་མེད་ཡོན་ཏན་གྱིས་ལྕི་བ། །འདི་ནི་དཔལ་ལྡན་བླ་མའོ། །ནང་དུ་གསང་བ་འདུས་ལ་སོགས། །ཕྱི་རུ་ཉན་ཐོས་སྤྱོད་པ་ཅན། །མན་ངག་རིམ་པའི་ཁྱད་པར་གྱིས། །ཇི་ལྟར་རིགས་པའི་སྤྱོད་པ་ལ། །སློབ་མ་རྗེས་འཛིན་སྟོན་པ་དངོས། །དེ་བཞིན་དཀྱིལ་འཁོར་ལ་སོགས་དང་། །མདོ་དང་ལས་ཀྱི་ཚོགས་རྣམས་དང་། །དོན་དམ་པ་ཡི་བྱ་བ་མཁས། །སྣང་བ་གསུམ་ལ་སོགས་པ་ལ། །རང་གིས་གོམས་འགྱུར་གཞན་ལ་སྟོན། །རྣལ་འབྱོར་རིམ་པའི་སློབ་དཔོན་ཏེ། །ཡིད་འཕྲོག་སྡུད་པ་སློབ་དཔོན་ནོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སློབ་མ་རྗེས་འཛིན་ནུས་པ་དང་། །གསང་བའི་དབང་གི་མཐར་སོན་པ། །ཤེས་རབ་སྙིང་རྗེ་མཚུངས་པར་ལྡན། །རྒྱུད་ཀྱི་རིམ་པའི་སྦྱོར་བ་མཁས། །ཟབ་མོའི་སྤྱོད་པ་རབ་ལྡན་པ། །འདི་ནི་རྡོ་རྗེ་སེམས་དཔའ་དངོས། །ཇི་སྐད་ཕྱག་ན་རྡོ་རྗེ་ཡིས། །འཁོར་ལོ་སྡོམ་ལ་འབྲེལ་པ་ལས། །ཐུན་མོང་བསོད་ནམས་བསག་པའི་རྒྱུ། །ཡེ་ཤེས་དངོས་གྲུབ་སྒྲུབ་པའི་ཐབས། །དགེ་བསྙེན་ཕ་མ་ལ་སོགས་པ། །སློབ་དཔོན་དག་ལ་རབ་ཏུ་ཕྱོགས། །གསང་སྔགས་ཐེག་པའི་ཆོ་ག་འདིར། །སློབ་དཔོན་རྣམ་པ་གསུམ་ཡིན་ལ། ། 53-250a ཁྱིམ་པ་དགེ་ཚུལ་དགེ་སློང་སྟེ། །ཐ་མ་འབྲིང་དང་མཆོག་ཡིན་ནོ། །སྦྱིན་བདག་བློ་གྲོས་མི་འཕེལ་ཕྱིར། །ཐུན་མོང་སྤང་བྱའི་སློབ་དཔོན་ནི། །སྙིང་རྗེ་མེད་ཅིང་ཁྲོ་བ་དང་། །ཁེངས་ཤིང་ཆགས་ལ་མི་བརྟན་པ། །བསླབ་པས་མ་བསྡམས་འདོད་པ་ཆེ། །རང་ལ་བསྟོད་པ་མི་བྱའོ། །ཁྱད་པར་ཁྱིམ་པའི་སློབ་དཔོན་ནི། །བུད་མེད་བཅས་ཤིང་དཀོར་ཟས་དང་། །ཞིང་ལས་གཡོག་དང་ཚོང་པ་དང་། །རྨོངས་པ་རྙེད་ཕྱིར་ཆོས་སྨྲ་བ། །འདི་ནི་ཚོགས་ཀྱི་སློབ་དཔོན་མིན། །འདིར་ནི་ཚུལ་ཁྲིམས་ཡོན་ཏན་ལྡན། །རྣལ་འབྱོར་དཀྱིལ་འཁོར་ལ་སོགས་པའི། །ཡོན་བདག་ཟིལ་གནོན་བཀུར་བའི་གནས། །འདི་ཉིད་འཁོར་ལོའི་དབང་ཕྱུག་འགྱུར། །འདིས་ནི་དཀྱིལ་འཁོར་གཙོ་བོ་དག །མ་བྱས་ཡོན་བདག་བསོད་ནམས་ཉམས། །དཀྱིལ་འཁོར་འཁོར་ལོ་འདི་ཉིད་དུ། །དམ་ཚིག་སྡོམ་པ་མ་གཅིག་ན། །འཁོར་ལོའི་དབང་ཕྱུག་དེ་ཡིས་ནི། །རྣལ་འབྱོར་བསྡུ་བར་མི་བྱའོ། །གཞན་གྱི་རྒྱུད་ཀྱི་བསླབ་བྱར་མངོན། །གནས་ཁང་གཞན་དུ་མཆོད་པར་བྱའོ། །འདི་ཉིད་ལུང་དང་བཅས་པའི་ཕྱིར། །བྱ་བ་དོན་དང་བཅས་པར་འགྱུར། །ཁ་ཅིག་རྣལ་འབྱོར་རྣལ་འབྱོར་མ། །སྒོམ་རིམ་གཞན་དུ་གྱུར་པ་ན། །རྣལ་འབྱོར་ལྷག་པའི་ལྷ་ལ་མཆོད། །དེ་ཡི་རྗེས་སུ་རིམ་པ་འདིས། །སྐད་ཅིག་བྱེད་པའི་རྣལ་འབྱོར་གྱིས། །བསྒྲུབ་བྱ་དེ་ཡི་ལྷ་མཆོད་པ། །འདི་ཉིད་ཡང་དག་མཚན་ཉིད་ཡིན། །ཐ་དད་སོ་སོའི་རྒྱུད་དག་གིས། །བསླབ་པས་གྲོལ་བར་འདོད་པ་ལ། །བརྡ་ཡི་རིམ་པ་སོ་སོ་ཡི། །ཕན་ཚུན་དམ་ཚིག་སྦྱོར་མི་ཤེས། །འཁོར་ལོའི་ཆོ་ག་ཉམས་པ་ཉིད། །དེ་རྣམས་མགྲོན་གྱི་རྣམ་གཞག་གོ། །དེ་ནས་ལྷ་ཡི་ང་རྒྱལ་གྱིས། །གོང་དུ་གསུངས་པའི་རྣལ་འབྱོར་ལ། །མཎྜལ་སྔོན་དུ་འགྲོ་བ་ཡིས། །སྔགས་ཀྱིས་མཆོད་ལ་གསོལ་བ་གདབ། །རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི། །འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། །བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ནི་བརྒྱད་པ་ལ། །དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། །དེ་བཞིན་བཅོ་ལྔ་ནག་ 53-250b ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། །ལོ་ཟླ་ཀུན་དུ་བྱ་བའོ། །གནས་ནི་དབེན་པར་གསང་བ་ཡི། །འཁོར་ལོ་རབ་ཏུ་བསྐོར་བར་བྱ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །ཐམས་ཅད་འཇིགས་པ་སྤངས་པ་ཡི། །སྐྱེ་བོས་དབེན་ཞིང་ཡིད་འཕྲོག་ས། །གྲོང་ངམ་ལྡུམ་ར་ནགས་ཚལ་དང་། །དུར་ཁྲོད་རི་ཡི་ཕུག་ཏུའོ། །དང་པོ་ཡིད་འཇུག་བྱི་དོར་བྱ། །དཀྱིལ་འཁོར་རྣམ་པར་མེ་ཏོག་དགྲམ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི། །མེ་ཏོག་སྣ་ཚོགས་བཀྲམ་པ་ཡི། །གཞལ་ཡས་ཁང་གིས་རྣམ་པར་སྤྲས། །དེ་དག་གནས་ཀྱི་རྣམ་བཞག་གོ། །གང་ཞིག་དམ་ཚིག་མེད་པར་ནི། །བུ་ལ་སོགས་པའང་མི་གཞུག་གོ། །ཇི་སྐད་སྡོམ་པ་འབྱུང་བ་ལས། །ཡོངས་སུ་གྲུབ་པའི་གནས་དག་དང་། །གདན་ལ་འཇུག་པར་བྱ་བ་ནི། །རྒན་དང་གཞོན་པའི་དབྱེ་བས་དེར། །སློབ་དཔོན་རྗེས་སུ་འཇུག་པར་བྱ། །སྣོད་དང་མི་ལྡན་ང་རྒྱལ་ཆེ། །བླ་མའི་སྐྱོན་རྟོག་ཤེས་རྒྱུད་རྩུབ། །གོང་མའི་དབང་གིས་མ་སྨིན་པ། །རང་གི་བུ་དང་ཆུང་མ་དང་། །དེ་བཞིན་བྲན་དང་བྲན་མོར་བཅས། །དངོས་གྲུབ་འདོད་ཕྱིར་སྒྲུབ་པ་པོས། །དམ་ཚིག་འདི་དག་གཞུག་མི་བྱ། །དེ་ལྟར་འདི་དག་གཞུག་པ་ན། །རྨོངས་དང་དངོས་གྲུབ་རིང་བར་འགྱུར། །དམ་ཚིག་བྲལ་གྱུར་སྡུག་བསྔལ་ཞིང་། །དེ་བཞིན་ལུས་ངག་ཡིད་ཀྱིས་མྱོང་། །གནས་ནས་འཐོན་དང་ཕུན་ཚོགས་ཉམས། །སྣ་ཚོགས་སྡུག་བསྔལ་མྱོང་བ་ཉིད། །སྒྲུབ་པོས་འདི་བཞིན་མཆོད་པའི་ཡུལ། །ཕ་རོལ་རྣལ་འབྱོར་དངོས་གྲུབ་ཉམས། །དམ་ཚིག་མེད་པའི་འཁོར་ལོ་ནི། །ནམ་ཡང་བསྐོར་བར་མི་བྱའོ། །མཆེད་ཡུལ་རྣམ་པར་བཞག་པ་ནི། །ཚུལ་དང་མཐུན་པའི་གནས་དག་ཏུ། །སྙན་གསན་ཕབ་པའི་རྣལ་འབྱོར་པ། །སློབ་དཔོན་རྗེས་སུ་འཇུག་པར་བྱའོ། །ཕྱི་རུ་རྣལ་འབྱོར་ཁྲུས་བྱས་ནས། །སྒོ་དག་སྐྱོང་བའི་སློབ་དཔོན་ལ། །ཚིགས་བཅད་འདི་ཡིས་འཇུག་པར་བྱ། །ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྲས་པ་ཡི། །དབྱུག་པ་ཕྱག་ན་བསྣམས་པ་ཉིད། །བདག་ 53-251a ནི་འཁོར་བ་ལས་བསྒྲལ་ཕྱིར། །རྣལ་འབྱོར་ཚོགས་ཀྱི་དབུས་དག་ཏུ། །བཟང་པོའི་སྒོ་ནི་ཕྱེ་ནས་སུ། །དཔའ་བོས་གནང་གིས་གཏོང་དུ་གསོལ། །ནང་དུ་སྟན་ལ་རྒན་རིམ་གྱིས། །དཀྱིལ་འཁོར་འཁོར་ལོའི་རིམ་པའམ། །ཡང་ན་གྲལ་གྱི་རིམ་པའོ། །དེ་ནས་སློབ་དཔོན་ཡོན་བདག་གིས། །རི་རབ་སྟེང་དུ་སྐད་ཅིག་ལ། །གནས་པའི་གཞལ་ཡས་ཁང་དཀྱིལ་དུ། །ལྷག་པའི་ལྷ་ཡི་གཟུགས་སུ་བལྟ། །དམ་ཚིག་སེམས་དཔའི་རང་བཞིན་ལ། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། །ཨརྒྷ་དང་ནི་ཞལ་བསིལ་དང་། །བསང་ཆུ་སྔོན་དུ་འགྲོ་བ་ཡིས། །མེ་ཏོག་ཕྲེང་བ་སྤོས་ལ་སོགས། །ཐུན་མོང་གི་ནི་མཆོད་པ་དབུལ། །ཡོན་གྱི་བདག་པོས་བསྟོད་པ་བྱ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཡོད་མེད་རྟོག་པ་ལས་གྲོལ་ཞིང་། །འཁོར་འདས་རྣམ་པ་གཉིས་མེད་པ། །དཔེ་མེད་བདེ་བས་གང་གྱུར་པའི། །འཁོར་ལོའི་དཔའ་བོ་ལ་སོགས་བསྟོད། །འདིས་ནི་མངོན་པར་བརྐྱང་ཕྱག་འཚལ། །སློབ་དཔོན་རྒྱུད་ཀྱི་དབྱེ་བས་དེར། །ཏིང་ངེ་འཛིན་གྱི་རིམ་པས་ནི། །རང་གི་ལྷ་ཡི་གཟུགས་སུ་འགྱུར། །ཇི་ལྷའི་རྫོགས་པའི་རིམ་པ་སྒོམ། །ཡོན་བདག་ཡི་དམ་གཞན་ཡིན་ན། །སྔོན་ལ་རང་གི་ཡི་དམ་སྟེ། །རྗེས་ལ་སྐད་ཅིག་ཉིད་ལ་ནི། །ཡོན་བདག་འདོད་ལྷའི་རྣལ་འབྱོར་བསྒོམ། །རྒྱུད་ལས་གསུངས་པའི་མཚན་ཉིད་ཅན། །ལས་ཀྱི་རྡོ་རྗེའི་བྱ་བ་ནི། །ཇི་སྐད་དེ་མཆོག་འབྱུང་བ་ལས། །གཙང་ཞིང་ཞི་ལ་བློ་གྲོས་ལྡན། །རྨོངས་དང་སེར་སྣ་རྣམ་པར་སྤང་། །ཐམས་ཅད་དང་ནི་མཐུན་པར་བལྟ། །ལས་ཀྱི་རྡོ་རྗེར་དེར་རྟོག་གོ། །དེ་བཞིན་རྡོ་རྗེ་ཕྲེང་བ་ལས། །ཁྱོད་ནི་རང་བྱུང་རྡོ་རྗེ་སེམས། །མཚུངས་མེད་ལས་ཀྱི་རྡོ་རྗེ་ཉིད། །དེ་ནས་སྣ་ཚོགས་སྟོན་མོ་དང་། །ཤ་དང་ཆང་ནི་མཉམ་པོར་སྦྱོར། །ལོངས་སྤྱོད་ཡིད་འཕྲོག་བདེ་བ་ཅན། །དཔལ་ལྡན་རྡོ་རྗེ་སེམས་དཔའ་མཉེས། །ཨ་མྲ་དང་ནི་པ་ན་ས། །མི་དིམ་ན་རཱི་ཀེ་ལ་ 53-251b སོགས། །འབྲས་བུ་རྣམ་པ་སྣ་ཚོགས་པ། །ཚོགས་ཀྱི་དཀྱིལ་དུ་དབུལ་བ་ནི། །ཡང་དག་སྦྱོར་བའི་རྒྱུད་ལས་གསུངས། །འཕགས་པ་ཕྱག་ན་རྡོ་རྗེས་གསུངས། །ཇི་ལྟར་ཚོགས་པའི་རྣལ་འབྱོར་ལ། །བདུད་རྩི་རི་ལུའི་ཆུ་ཡིས་བསང་། །སྔོན་དུ་གཏོར་མ་སྦྱིན་པར་བྱ། །ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། །ཐོག་མར་གཏོར་མ་ཆེན་པོ་ནི། །སྣ་ཚོགས་པ་ཡི་བཟའ་བ་དང་། །བཏུང་བ་དང་ནི་ལྡན་པ་ཉིད། །ཐོག་མ་བར་དང་ཐ་མ་ནི། །ལྷག་པ་ལྷ་ཡི་རྣལ་འབྱོར་གྱིས། །གཏོར་མ་དབུལ་བར་བྱ་བ་ནི། །མདུན་དུ་དྲི་བཟང་སོགས་པས་བྱུག །དྲི་ཡིས་ཐིག་ལེས་དཀྱིལ་འཁོར་ལ། །རང་གི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་བཞིན་དུ་བསྐྱེད་ལ་མཆོད། །དམ་ཚིག་སེམས་དཔའ་མཁའ་ཉིད་ལས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་ཡི་རྩིབས་བཅུར་ཁྲོ་བོ་བཅུ། །སྲུང་བའི་འཁོར་ལོའི་ལྟེ་བ་ལ། །སྒྲུབ་པ་པོ་ཡི་ལྷ་ཉིད་དེ། །སྲུང་བའི་འཁོར་ལོའི་ཕྱི་རོལ་དུ། །འཁོར་དང་བཅས་པའི་ཕྱོགས་སྐྱོང་དང་། །ཞིང་སྐྱོང་དུར་ཁྲོད་ལ་སོགས་པ། །ཇི་ལྟར་མངོན་རྟོགས་སྔགས་ཀྱིས་ནི། །སྐད་ཅིག་གིས་ནི་རང་གི་ལྷ། །དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་བལྟ། །ཡུམ་དང་བཅས་པ་ཉིད་དུ་བསྒོམ། །དམ་ཚིག་ལ་ནི་གཞུག་པར་བྱ། །ཇི་ལྟར་ཆོ་ག་ལ་སོགས་པ། །གཏོར་མ་བདུད་རྩིར་བྱིན་བརླབས་ཏེ། །རང་རང་སྔགས་ཀྱིས་དབུལ་བར་བྱ། །ཁྱད་པར་སོ་སོའི་མངོན་རྟོགས་ནི། །གཞུང་མངས་འཇིགས་པས་མ་བྲིས་ཤིང་། །ཡོངས་སུ་གྲགས་པ་ཅུང་ཟད་བཀོད། །དེ་ནས་གཡོན་པའི་མིང་མེད་དང་། །རྒན་པོའི་སོར་མོ་གཉིས་སྦྱར་ནས། །ཤེས་རབ་ཁུ་བ་བྱིན་གྱིས་བརླབ། །དེ་ཡི་མདུན་དུ་ཆོས་འབྱུང་བྲི། །ཤེས་རབ་ཐབས་ཀྱི་ཁུ་བས་གཏོར། །ལྷག་པ་ལྷ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་བཞིན་དུ་གསལ་བར་བལྟ། །སྲུང་བས་བྱིན་གྱིས་བརླབས་པའི་གནས། །ཏིང་འཛིན་བྱེད་པ་རྒྱུན་མི་བཅད། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །སློབ་དཔོན་ལ་ནི་སྣོད་གཉིས་དབུལ། །གཞན་པ་རྣམས་ལ་རེ་རེའོ། །མཆོད་རྫས་བླ་མ་ཉིས་འགྱུར་རོ། །དེ་ནས་གཞན་རྣམས་མཉམ་པོར་ཤེས། །འགའ་ཞིག་ཚིམ་པར་མ་གྱུར་ནའང་། །རང་གིས་བླང་བར་མི་བྱ་སྟེ། །ལས་ཀྱི་རྡོ་རྗེ་ 53-252a ལས་བླངས་ན། །ལྟུང་བ་ཉིད་དུ་མི་འགྱུར་རོ། །གང་ཞིག་ལག་ནས་ལྷུང་བ་དག །དངོས་པོ་གཞན་གྱིས་དགབ་པར་བྱ། །འདྲེན་པས་ཧ་ཅང་གང་བ་མིན། །ལེན་པས་ཧ་ཅང་སྟོང་པ་མིན། །ཕན་ཚུན་གཅིག་ལ་གཅིག་མིན་བཞིན། །འདོད་ཅེས་ངག་གིས་སྨྲ་བ་མིན། །འདྲེན་པས་པད་ཀོར་ཕྱག་རྒྱ་སྟེ། །གཡོན་པས་སྟེང་དུ་བསྐྱོད་པར་བྱ། །ལེན་པས་ཀྱང་ནི་དེ་བཞིན་ནོ། །ཕྱག་འཚལ་ནས་ནི་དབུལ་བྱ་ཞིང་། །འདྲེན་པས་དེ་བཞིན་ཤེས་པར་བྱ། །གཡས་པའི་ལྷ་ང་སར་བཙུགས་ཏེ། །ཐོག་མར་ཐབས་དང་ཤེས་རབ་ལ། །གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཡང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཚིགས་བཅད་འདིས་ནི་སྦྱིན་པར་བྱའོ། །ཡང་ནི་ལེན་པ་པོ་ཡིས་ནི། །བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་འཛིན་རྣམ་པར་སྤངས་པ་ཡིས། །དེ་ཁོ་ན་ཉིད་ལ་སྐྱབས་མཆིའོ། །ཚིགས་བཅད་འདིས་ནི་ལེན་པར་བྱའོ། །བླ་མའི་བཀའ་དྲིན་གནང་བ་ཡི། །སྣོད་ནི་ས་ལ་གཞག་མི་བྱ། །གནང་བ་ཐོབ་གྱུར་གཞག་པར་བྱའོ། །དེ་ལས་གཞན་དུ་ཆད་པར་འགྱུར། །སློབ་དཔོན་རྗེས་གནང་མ་བྱིན་པར། །རྣལ་འབྱོར་བཟའ་བཏུང་དོན་གཞན་མིན། །སློབ་དཔོན་ཐོག་མར་རང་གི་ནི། །ཕྱག་རྒྱ་མཆོད་ལ་དེ་ནས་རོལ། །བཏུང་བ་དགའ་བ་བསྐྱེད་པ་ཙམ། །དེ་བས་ལྷག་དང་ཆད་པ་མིན། །བདེ་བ་བསྐྱེད་ཕྱིར་བཏུང་བ་སྟེ། །མྱོས་པའི་ཕྱིར་ནི་མ་ཡིན་ནོ། །རྣལ་འབྱོར་ལྷ་ཡི་ང་རྒྱལ་དང་། །དུས་རྣམས་ཀུན་དུ་བྱ་བ་ཉིད། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི། །ཚོགས་ཀྱི་འཁོར་ལོར་འདུས་པས་ན། །གཏམ་གྱི་རྙེད་པ་ལ་སོགས་པ། །དེ་བཞིན་གཡེང་བ་སྤང་བར་བྱ། །མཆིལ་མ་འདོར་ལ་སོགས་པ་དང་། །སྨད་ར་འཐོག་དང་དགོད་པ་དང་། །རྐང་ལག་བརྐྱང་བར་མི་བྱའོ། །ཡང་ཡང་ལྡང་དང་འདུག་པ་དང་། །མགྲིན་པ་བསྒྱུར་སོགས་རྟག་ཏུ་སྤང་། །གང་ཞིག་དགོས་པའི་དབྱེ་བ་ལ། །བརྡ་སྐད་ཕྱག་རྒྱ་བགོ་བར་བྱ། །འདུས་པའི་དཀྱིལ་འཁོར་དབང་ཕྱུག་གིས། །གནང་བ་བྱིན་པར་མ་གྱུར་པར། །གཞན་དུ་གླུ་དང་ 53-252b གར་དང་ནི། །དེ་བཞིན་རོལ་མོ་འཁྲོལ་ལ་སོགས། །ཟབ་མོའི་སྐད་སོགས་འདྲི་བ་མིན། །གནང་བ་ཐོབ་ནས་ཅི་བདེར་འགྱུར། །གང་ཞིག་བཟའ་དང་བཏུང་བ་ལ། །ཐམས་ཅད་བདུད་རྩིར་སྦྱར་བྱས་ལ། །དེ་ནས་རང་གི་ལྟེ་བར་ནི། །གང་ཞིག་དགོས་པའི་དབྱེ་བ་ཡིས། །ལྷ་ཡི་འཁོར་ལོ་གནས་པར་བསམ། །རང་གི་ལག་པ་གཡས་དང་གཡོན། །བླུགས་གཟར་དགང་གཟར་རང་གཟུགས་ཉིད། །ལྟེ་བའི་ལྷ་ལ་མཆོད་པའི་ཚུལ། །ལོངས་སྤྱོད་ཚོགས་ཀྱིས་མཆོད་པར་བྱ། །དེ་བཞིན་གཟུགས་ལ་སོགས་པའི་ཡུལ། །མིག་ལ་སོགས་པའི་དབང་པོ་ཉིད། །ཇི་ལྟར་ལྷ་ཡི་གཟུགས་ཀྱིས་ནི། རྣམ་པར་དག་པའི་རོ་གཅིག་པའི། །ཕན་ཚུན་ཤེས་པ་ཉིད་ཀྱིས་སོ། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ལྟེ་བ་པདྨའི་དབུས་སུ་ནི། །དཔའ་བོ་དབང་ཕྱུག་དྲན་པ་ཉིད། །གང་ཞིག་ཕན་ཚུན་གཅིག་ལ་གཅིག །རྣམ་པར་དག་པར་མི་ཤེས་ན། །དེ་ལ་འཁོར་ལོའི་འབྲས་བུ་མེད། །ཐམས་ཅད་དངོས་གྲུབ་འབྲས་ཉམས་འགྱུར། །གང་དུ་རིམ་པ་འདི་ཡིས་ནི། །ཕྱི་དང་ནང་གི་བདག་ཉིད་ཀུན། །རོ་གཅིག་པར་ནི་སྤྱད་བྱས་ནས། །དེ་ནི་འགྲུབ་པར་འགྱུར་བ་ཉིད། །ཡང་དག་ཚོགས་འཁོར་འབྲས་བུ་འབྱིན། །མྱོས་བྱེད་བདེ་བ་བསྐྱེད་པའི་ཚེ། །གླུ་དང་གར་ནི་བྱེད་འདོད་ན། །གནང་བ་ཐོབ་ནས་རྡོ་རྗེ་ཡི། །གླུ་གར་རྣལ་འབྱོར་པ་ཡིས་བྱ། །དེ་ཡང་བརྟག་གཉིས་རྒྱལ་པོ་ལས། །གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་སྡོམ་པ་བྱེད་པ་ཉིད། །དེ་ཡི་ཕྱིར་ནི་གླུ་དང་གར། །རྣལ་འབྱོར་པ་ཡིས་རྒྱུན་དུ་བྱ། །དགའ་བ་རྡོ་རྗེ་བསྡམས་པ་ཡིས། །རྐང་པ་རྡོ་རྗེ་རྩེ་གཅིག་དང་། །རྣལ་འབྱོར་མཉམ་པར་གཞག་པ་ཡིས། །བདེ་བ་བསྐྱེད་ཕྱིར་གར་ཉིད་དེ། །ཐར་པའི་རྒྱུར་ནི་བརྗོད་པར་བྱའོ། །རྒྱུད་ལས་གསུངས་པའི་རིམ་པ་སྟེ། །གཞན་དུ་གནང་བ་མ་ཡིན་ནོ། །དེ་བཞིན་རྡོ་རྫེ་ཕྲེང་བ་ལས། །དགའ་བ་བསྐྱེད་ནས་གནང་བ་ཡིས། །གླུ་དང་གར་ནི་བྱ་བ་ཉིད། །གང་ཞིག་རྡོ་རྗེ་སྡམས་ལ་སོགས། །དེ་བཞིན་ལྷ་ནི་མཉེས་པ་ཉིད། །རྒྱུད་ལས་གསུངས་པ་རྡོ་རྗེའི་གླུ། །ཀོལླ་ཨི་རེ་ཊྛི་ཨཱ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི། 53-253a ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀྭ་ཡེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱ་ཛྫི་ཨ་ཨི། ཙ་ཨུ་ས་མ་ཀ་ཙྪ་རཱི་སིཧླ། ཀཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རེནྟེ། ཤུདྡྷ་ཨ་ཤུདྡྷ་ཎ་མུ་ཎི་ཨ་ཨི། ནི་རཾ་སུ་ཨཾ་གེཙྪ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་པཱ་ཊ་ཨི་ཌེཎྜི་མ་ཏ་ཧིཾ་ཎ་བཱ་ཛྫི་ཨ་ཨི། གྲུབ་ཐོབ་བླ་མས་གསུངས་པའི་དབྱངས། །སྟོང་པ་སྙིང་རྗེ་དབྱེར་མེད་པར། །དོན་སྟོན་རྡོ་རྗེའི་ཀླུ་ཉིད་དོ། །གཞན་དུ་རྟོགས་པས་ཕན་ཚུན་དུ། །སྦྲེལ་བ་རྡོ་རྗེའི་གླུ་མ་ཡིན། །རྡོ་རྗེ་རྐང་པའི་གར་ལ་སོགས། །གཞན་དུ་གྲགས་ཕྱིར་འདིར་མ་སྤྲོས། །འདིར་ནི་ཆོ་ག་ཇི་བཞིན་དུ། །གླུ་གར་ལ་སོགས་རིམ་པ་ནི། །བྱིན་གྱིས་བརླབ་པར་གྱུར་བ་ཉིད། །དེ་ལ་ཐུན་མོང་བྱིན་རླབས་རྟགས། །དེ་ཡང་བརྟག་གཉིས་རྒྱལ་པོ་ལས། །གསུངས་པ་རིམ་བཞིན་ཤེས་བྱས་ཏེ། །འཁོར་ལོའི་དབང་ཕྱུག་མདུན་དུ་ནི། །གང་ཞིག་གུས་པས་གླུ་དང་གར། །བྱས་པས་དྲི་ཡི་མཚན་ཉིད་ནི། །ཐོག་མར་སྒོག་པའི་དྲི་ཉིད་དེ། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་པུར་མ་ལ་ཡ་ཡི་དྲི། །བྱིན་རླབས་གླུ་ཡི་མཚན་ཉིད་དོ། །དད་པ་དང་ནི་བུང་བའི་སྒྲ། །ཐོས་པས་གླུ་ཡི་ཁྱད་པར་ཉིད། །བ་ལང་ཚེ་ཡི་སྒྲ་ཉིད་ནི། །ཕྱི་རོལ་ཉེ་བའི་མཚན་ཉིད་དོ། །ཁྱད་པར་བྱིན་གྱིས་བརླབས་པའི་རྟགས། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །གལ་ཏེ་ཐུན་མོང་རྣལ་འབྱོར་མ། །འདུས་པའི་ཚོགས་སུ་འོངས་པ་ན། །གཡོན་པའི་ཙྪོ་མའི་བརྡ་ཡིས་ནི། །བདེ་བའི་ཕྱག་རྒྱ་བྱ་བ་ཉིད། །དེ་ལ་སྒྲུབ་པ་པོ་ཡིས་ནི། །གཏམ་འདྲི་རྣམ་རྟོག་བྱར་མི་རུང་། །ཅུང་ཟད་དྲི་བར་འདོད་ན་ཡང་། །གང་ཞིག་རྡོ་རྗེ་སློབ་དཔོན་ནམ། །ཡང་ན་ལས་ཀྱི་རྡོ་རྗེ་ཡིས། །བརྡ་དང་ཕྱག་རྒྱ་འདྲི་བར་འགྱུར། །སྣ་ཚོགས་གཟུགས་ཀྱི་རྣལ་འབྱོར་མ། །ཡང་དང་ཡང་དུ་འགྲོ་ཞིང་འོང་། །དེ་ལ་ཐེ་ཚོམ་ཟ་བ་དང་། །ཡ་མཚན་འཇིགས་པར་བྱེད་དོན་སོགས། །སྒྲུབ་པ་པོ་ཡིས་མི་བྱ་སྟེ། །བྱས་ན་དངོས་གྲུབ་ཉམས་པ་ཉིད། །དེ་ནས་དཀྱིལ་འཁོར་སྡུད་པ་ན། །ལྷག་མའི་གཏོར་མ་སྦྱིན་པར་བྱ། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ལྷག་མའི་ 53-253b གཏོར་མའི་སྦྱོར་བ་ཡིས། །དངོས་གྲུབ་རྣལ་འབྱོར་ཆེན་པོར་འགྱུར། །ཨོཾ་ཀྵི་ཨུཙྪིཎྜེ་ཀྵེ་ཏྲ་པཱ་ལཱ་ཡ་སྭཱ་ཧཱ། །སྔགས་འདི་བརྗོད་ཅིང་ཁ་ཕྲུས་གདབ། །ཡང་ན་སློབ་དཔོན་སྔོན་འགྲོ་བས། །གང་ཞིག་མ་མཐོང་གྱུར་པ་ན། །རྟགས་ཀྱི་སྦྱོར་བའི་མཚན་ཉིད་ནི། །རྣལ་འབྱོར་གྱིས་ནི་ཤེས་པར་བྱ། །གང་ཞིག་བྱད་ཟླུམ་ཁ་དོག་དམར། །བཞིན་བཟང་སྨིན་མ་རིང་བ་ནི། །འོད་དཔག་མེད་ཀྱི་རིགས་ཤེས་བྱ། །དེ་ལ་རུས་སྦལ་ཕྱག་རྒྱ་བསྟན། །ཅུང་ཟད་སྦོམ་ཞིང་མིག་དཀྱུས་རིང་། །དཀར་སེར་མདོག་ཅན་ཡིད་འཕྲོག་མ། །སྣ་ཚོགས་གོས་ནི་འཛིན་པ་སྟེ། །རི་མོ་གསུམ་འགྲེང་དཔྲལ་བར་མཚན། །གང་དུ་གནས་པའི་ས་དག་ཏུ། །གྲོང་བའི་ཤི་སོགས་གཏམ་སྨྲ་བ། །འདི་ཉིད་རིན་འབྱུང་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོ་ཞེས་བྱར་བལྟ། །རྩེ་གསུམ་པ་ཡི་ཕྱག་རྒྱ་བསྟན། །གཡོན་བརྐྱང་བ་ཡི་གར་སྟབས་ཀྱིས། །དེ་ཡི་མདུན་དུ་བལྟ་བར་བྱའོ། །ལག་ཏུ་གཡོན་པས་བྱིན་ནས་ནི། །ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད། །ཁ་དོག་གནག་ཅིང་གོས་ནག་འཛིན། །སྐྲ་ལི་དཔྲལ་བ་གཞུ་ཡི་དབྱིབས། །མཚན་མའི་རྣམ་པར་རྟོག་པར་སྟོན། །སེམས་འགྲོ་བ་ཡི་མར་རབ་གྲགས། །གཡོན་བསྐུམ་དགེ་བའི་གར་གྱིས་ནི། །ཕྱག་རྒྱ་རབ་ཏུ་བསྟན་པར་བྱ། །མི་བསྐྱོད་པ་ཡི་རིགས་སུ་ཤེས། །གཡོན་པའི་སྟངས་ཀྱི་ལན་ཡང་འདེབས། །ལུས་སྦོམ་གསུས་པ་ཅུང་ཟད་འཕྱང་། །མིག་ཡངས་རྫི་མ་མང་བ་ལ། །བྱིན་པ་སྦོམ་ཞིང་མཛེས་པ་ནི། །ས་འོག་གྲུབ་པ་ཤེས་པ་སྟེ། །རྣམ་སྣང་རིགས་སུ་ཤེས་པས་ན། །དེ་ལ་དུང་གི་ཕྱག་རྒྱ་བསྟན། །མིག་སྐམ་བ་སྤུ་ཐམས་ཅད་ལངས། །ལུས་སྐེམ་ལག་པ་རིང་བ་ལ། །མཁའ་འགྲོ་ཞེས་སྒྲ་རབ་ཏུ་སྒྲོགས། །འདི་ཉིད་དོན་གྲུབ་རིགས་སུ་ཤེས། །དེ་ལ་རབ་བལྟ་མཐའ་མ་བསྐོར། །ལག་པ་གཡོན་གྱི་དབྱེ་བ་ཡི། །བ་དན་ཕྱག་རྒྱ་བསྟན་པར་བྱ། །ཇི་ལྟར་འདི་དག་ལ་མཁས་པས། །རབ་ཏུ་འབད་པས་ཤེས་པར་བྱ། །དྲི་བའམ་ཕྱག་རྒྱ་བྱེད་པ་ན། །དེ་ཡི་དོན་གྱིས་མཆོད་པར་བརྗོད། །གང་ཞིག་འདི་རྣམས་ཐམས་ཅད་ལ། །དཔའ་བོ་རྐྱང་པའི་བྱ་བ་ནི། །དཔའ་བོའི་སྟོན་མོ་ཞེས་ 53-254a སུ་བརྗོད། །ཚོགས་ཀྱི་དབང་ཕྱུག་དེ་ལྟ་མིན། །དེ་བཞིན་དཔའ་མོ་རྐྱང་པ་ལ། །དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད། །དེ་ལྟར་ཁོར་ལོའི་དབང་ཕྱུག་ལ། །ཤེས་རབ་ཐབས་དང་བཅས་པ་ཉིད། །གཞན་ཡང་གང་ཞིག་སྟོབས་དང་ནི། །མྱོས་བྱེད་ཁུ་བ་རྐྱང་པས་ནི། །འཕགས་པ་ཕྱག་ན་རྡོ་རྗེའི་ཞབས། །སྟོབས་དང་མྱོས་བྱེད་ཁུ་བར་ནི། །མི་ལྡན་ཡོན་ཏན་བསོད་ནམས་ཉམས། །གཙོ་བོ་ཚོགས་ཀྱི་དབང་ཕྱུག་གིས། །ཁྱད་པར་ཤེས་རབ་གཡོན་དུ་བཞག །འདིར་ནི་ཇི་ལྟར་འབྱོར་པ་དང་། །ཇི་ལྟར་ནུས་པའི་རིམ་པ་ཡིས། །ལྔ་ཡི་བདག་ཉིད་དཀྱིལ་འཁོར་སོགས། །རྣམ་པར་དག་པའི་ཆོ་གས་མཆོད། །ཐམས་ཅད་རང་གི་རྣལ་འབྱོར་གྱིས། །འདིར་ནི་དགེ་བར་འདོད་པས་ན། །རྣམ་དག་ལྷ་ཡི་རྣལ་འབྱོར་གྱིས། །སློབ་མས་ཚོགས་ཀྱི་རྣལ་འབྱོར་གོམས། །ནང་གི་དབང་ཕྱུག་གྱུར་པ་སྟེ། །རྒྱུན་པར་ཤིན་ཏུ་གོམས་པས་ན། །གང་ཚེ་ཆོ་ག་འདི་ཡིས་ནི། །རིམ་པ་འདི་ནི་རྣམ་པར་སྤྱད། །དེ་ཚེ་རྟག་ཏུ་གོམས་པས་ན། །སྤྲོས་བཅས་སྤྲོས་མེད་རྣམ་པར་གཞག །དེ་ནས་སྒྲུབ་པ་པོ་ཡིས་ནི། །ཞལ་བསིལ་ཕྱག་ཕྱིས་གོ་ལ་དབུལ། །ཡོན་ཏན་སོགས་པས་མཉེས་པར་བྱ། །རང་གི་ལྷ་ཡི་འཁོར་ལོ་ཉིད། །དང་པོ་ཐར་པར་འགྱུར་བ་སྟེ། །དེ་ནས་བསོད་ནམས་བསྔོ་བར་བྱ། །བཟོད་པར་གསོལ་ལ་ཚོགས་ཀྱི་ནི། །འཁོར་ལོ་གཤེགས་པར་བྱ་བ་ཉིད། །བདག་ཉིད་དབང་ཕྱུག་གྱུར་པས་ན། །གཞན་ལ་ཕྱག་ནི་བྱ་མི་དགོས། །ཆོ་གའི་རིམ་པ་འདི་ཡིས་ནི། །ཇི་ལྟར་རིགས་པར་འབད་གྱུར་ན། །དེ་ཡི་བསོད་ནམས་མཐའ་མ་ནི། །ཚད་གཟུང་ནུས་པ་མ་ཡིན་ནོ། །དེ་ལྟར་ཕྱག་ན་རྡོ་རྗེ་ཡིས། །གསུངས་པའི་རྗེས་སུ་འབྲང་བར་འགྱུར། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་པཎྜི་ཏ་རཏྣ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་རཏྣ་རཀྵི་ཏ་པའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །།

53-254a 聚輪儀軌次第開明 ༄། །དང་པོ། རྒྱལ་པོ་ལྟ་བུའི་རིམ་པར་ཕྱེ་བ། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་པྲཱ་ཀ་ས་ནཱ་མ། བོད་སྐད་དུ། 53-254b ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། །དངོས་གྲུབ་དགོས་པ་ཀུན་སྒྲུབ་པའི། །ཚོགས་ཀྱི་འཁོར་ལོའི་རིམ་བཤད་བྱ། །དེ་ལ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩའམ་འབུམ་ལ་སོགས་པ་བྱེད་པར་འདོད་པས་འབྱོར་པ་དང་བསྟུན་པའི་རིམ་པ་ནི་གསུམ་སྟེ། རྒྱལ་པོ་ལྟ་བུའི་དང་། འབངས་ལྟ་བུའི་དང་། རྣལ་འབྱོར་པའི་རིམ་པ་ལྟ་བུས་བྱ་བའོ། །དང་པོ་ནི་འབྱོར་པ་དང་ལྡན་པས་རྒྱུད་གང་དང་རྟོག་བསྲེ་མཐུན་པའི་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་རང་གི་སློབ་དཔོན་སྔོན་དུ་འགྲོ་བའི་བློ་ཅན་རྣམས་ཀྱིས་དེའི་ཆོ་ག་དང་། བརྡ་དང་ཕྱག་རྒྱ་ལ་སོགས་པ་ཐ་མ་སྙོམས་འཇུག་གི་བར་དུ་བྱ་བ་ནི་གཅིག་སྟེ། རིམ་པར་ཕྱེ་བ་དང་པོའོ། ། ༄། །གཉིས་པ། འབངས་ལྟ་བུའི་རིམ་པར་ཕྱེ་བ། གཉིས་པ་ནི་ཇི་ལྟར་ཚོགས་པའི་འབྱོར་བ་དང་། ཇི་ལྟར་རིགས་པའི་རྣལ་འབྱོར་ཕོ་མོ་རྣམས་རྡོ་རྗེ་སློབ་དཔོན་སྔོན་དུ་འགྲོ་བར་བྱ་སྟེ། ཆོ་ག་ནི་རྒྱུད་ཀྱི་དབྱེ་བ་ལས་ཤེས་ཏེ། དེ་ལྟ་བུའི་བྱ་བ་གཅིག་ཏུ་འདོད་དེ་རིམ་པར་ཕྱེ་བ་གཉིས་པའོ། ། ༄། །གསུམ་པ། རྣལ་འབྱོར་པའིརིམ་པ་ལྟ་བུའི་རིམ་པར་ཕྱེ་བ། གསུམ་པ་ནི་འབྱོར་པ་དང་ལྡན་པས་རྒྱུད་དུ་མའི་རྣལ་འབྱོར་པ་རང་གི་རིག་བྱེད་ལ་མཁས་པའི་ཚོགས་ལ་སྤྲོ་བ་དང་བསྡུ་བའི་རིམ་པས་བྱ་སྟེ། དེ་ལྟར་རྣལ་འབྱོར་པའི་གྲངས་ཇི་སྙེད་པ་དེ་སྙེད་ཚོགས་ཀྱི་འཁོར་ལོའི་དབྱེ་བ་ཤེས་པར་བྱ་སྟེ། འདི་ནི་རིམ་པར་ཕྱེ་བ་གསུམ་པའོ། །དེ་ཐམས་ཅད་ལ་གནས་དང་རྫས་དང་། རྣལ་འབྱོར་པ་དང་། ཆོ་ག་དང་། ཡོན་བདག་ལ་བར་ཆད་མེད་པར་བྱའོ། །གྲངས་དུ་མ་བྱ་བར་འདོད་པས་ཚུལ་འདིས་ནི་ཡོངས་སུ་ཤེས་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ཞེས་བྱ་བ་ཨཱ་ཙཱརྱ་ཧེ་རུ་ཀ་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་རཏྣ་རཀྵི་ཏའི་ཞལ་སྔ་ནས་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །།

53-254b 身口意善住 ༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་བཱ་ཀ་ཙིཏྟ་སུ་པྲ་ཏིཥྛ་ནཱ་མ། བོད་སྐད་དུ། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ 53-255a རྟེན་བླ་མ་ལ། །གུས་པས་ཕྱག་འཚལ་རྟེན་གསུམ་ལ། །རྒྱུད་དང་བླ་མའི་གསུང་བརྟེན་ནས། །སྒྲིབ་སྦྱོང་རབ་གནས་བྲི་བར་བྱ། །སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་སྟེ། །དམ་སྡོམ་བྱང་ཆུབ་སེམས་འབྱོངས་པས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ལ། །དེ་དང་འདྲ་བའི་གྲོགས་བཅས་ཀྱིས། །དུས་ཟླ་གཟའ་སྐར་ཚེས་གྲངས་ནི། །ཉི་མའི་ཁྱིམ་ནི་བཅུ་གཉིས་ཏེ། །དགུན་དཔྱིད་ར་འབྲིང་རོ་ཧི་ཏའི། །དུས་སུ་ཉི་མ་ལོག་ནས་ནི། །བྱང་འགྲོ་ཟླ་དྲུག་ཉིན་མོ་འཕེལ། །དེ་དྲུག་ཞི་བ་རབ་གནས་ཤིས། །དབྱར་སྟོན་ར་འབྲིང་ཟླ་དྲུག་ལྷོར། །ནག་འཕེལ་དྲག་ཉི་དེར་མི་བརྩམ། །ཕུར་བུ་ལག་དང་པ་བ་སངས། །ཟླ་བ་བཟང་ལྡན་གཟའ་དེ་ཤིས། །ཉི་སྤེན་དམག་དཔོན་ནོར་འཇོམས་ངན། །ཆུ་སྨད་སྣར་མ་གྲོ་བཞིན་དང་། །ལག་དང་སྣྲོན་སྣྲུབས་རྒྱལ་ཆུ་སྟོད། །ཁྲུམས་སྨད་སྐྱེ་དགུ་འཕེལ་བ་དང་། །རབ་ཏུ་གནས་པའི་མཆོག་ཏུ་བྱེད། །ཡིད་འདོད་དངོས་གྲུབ་མེ་བཞི་སྟེ། །སྣུབས་དང་གྲོ་བཞིན་དེ་བཞིན་ཏེ། །ལག་གིས་སྐལ་བཟང་སྣར་མས་རྒྱལ། །མགོ་ཡིས་ཉེ་བར་ཞི་བར་བྱེད། །ཆུ་སྟོད་ཀྱིས་ནི་བུ་དག་གསོན། །ཁྲུམས་སྨད་རྟག་པར་དངོས་གྲུབ་སྟེར། །རྒྱལ་གྱིས་ཚེ་རིང་བརྟན་པར་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ན་མི་མཆོག་སྟེར་འགྱུར། །གཟའ་དང་སྐར་མ་དེ་དག་ཀྱང་། །དར་གུད་མི་རིགས་ལས་དང་སྦྱར། །ཚེས་གཅིག་གསུམ་ལྔ་དྲུག་བདུན་བཅུ། །དྲུག་པོ་ནོར་འཇོམས་སྤང་གཞན་ཤིས། །གཟའ་སྐར་ཚེས་གྲངས་མཐུན་འཛོམ་ན། །མར་གྱི་ངོ་ལའང་བྱ་བར་ཤིས། །གནམ་སྟོང་བཅུ་བཞི་ཀུན་དུ་སྤང་། །ཟླ་བ་གཟའ་དང་སྐར་མ་དང་། །ཉི་མ་དུས་འཛོམ་སྐད་ཅིག་ལ། །ཇི་སྐད་གསུངས་པ་བཞིན་བྱས་ན། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །རབ་ཏུ་གནས་པ་མཆོག་གྱུར་ཏེ། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སློབ་དཔོན་མཚན་མ་ཐོབ་པ་ན། །གཟའ་དང་རྒྱུ་སྐར་བརྩི་མི་དགོས། །བགེགས་དང་ལོག་པར་འདྲེན་པའང་མེད། ། 53-255b གཟའ་རྣམས་ཐམས་ཅད་རྗེས་མཐུན་ཞིང་། །བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད། །དེ་དྲུག་བཀའ་སྒྲུབ་ཀུན་གནས་ཤིང་། །གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱི། །དངོས་གྲུབ་དག་ནི་སྟེར་བར་མཛད། །ཡིད་ཀྱིས་ཅུང་ཟད་གང་བསམས་པ། །སྐྱེ་དང་སྐྱེ་བར་འགྲུབ་པར་འགྱུར། །ཡང་ཐོག་མཆོད་རྟེན་ལ་སོགས་གནས། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་བྱ། །བརྡུངས་ལུགས་འབུར་བྲིས་སོགས་རྟེན་ནི། །རང་རང་མཚན་ཉིད་ལྡན་པ་སྟེ། །ཞི་ཁྲོ་ལ་སོགས་རང་ཚུལ་མཐུན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་འགྱུར། །བཟློག་པ་སྐྱོན་འགྱུར་དེ་ཕྱིར་གཟབ། །རབ་གནས་དགོས་དང་མི་དགོས་གཉིས། །དམ་པའི་དོན་དུ་དཔྱད་པ་ན། །གང་ཞིག་གང་གིས་གང་དུ་བརླབ། །གདོད་མ་ནས་ཞི་སྐྱེ་མེད་ལ། །ཇི་འདྲ་ཇི་ལྟར་རབ་ཏུ་གནས། །ཆོས་རྣམས་ཐམས་ཅད་འོད་གསལ་དུ། །རྟོག་དང་ལྡན་པའི་མཆོད་གནས་ལ། །རབ་ཏུ་གནས་པ་མི་དགོས་ཏེ། །ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །མཆོད་རྟེན་གླེགས་བམ་སྐུ་གཟུགས་སོགས། །སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས། །བྱུང་བ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །དང་པོའི་ལས་ཅན་མ་འབྱོངས་ལ། །འཇིག་རྟེན་ཐ་སྙད་ཀུན་རྫོབ་ཏུ། །འགྲོ་བས་དེ་ཉིད་མི་ཤེས་ལ། །སྟོན་པས་རབ་ཏུ་གནས་པ་བཤད། །དབྱེ་བ་སྒྲ་དོན་སྐྱོན་ཡོན་ལས། །བྱ་བའི་ཐབས་དང་རྣམ་པ་དྲུག །དོན་དམ་སྤྲོས་མེད་རབ་གནས་དང་། །ཀུན་རྫོབ་སྐུ་གསུང་ཐུགས་གསུམ་སྟེ། །ཡོན་ཏན་ཕྲིན་ལས་ཞོར་ལ་འབྱུང་། །དམ་ཚིག་སེམས་དཔའ་སྦྱངས་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ནི་རབ་ཏུ་གནས། །གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འགྱུར་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་བཞིན་བྱིན་མ་རླབས་སྐུ་ལ། །གང་ཞིག་ཕྱག་འཚལ་མཆོད་ 53-256a བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་ཏེ། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །བདེ་འགྲོ་མཐོ་རིས་ཡོད་མིན་ལ། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཏ་ལའི་མགོ་བཅད་སྔོ་མིན་ལྟར། །དེ་བཞིན་སྔགས་སྒྲུབ་རྨོངས་པ་དང་། །ཚུལ་ཁྲིམས་ཉམས་ཤིང་སྡིག་ལས་བྱེད། །རྟག་ཏུ་བུད་མེད་ཆགས་པ་ལ། །འདི་ནི་རབ་ཏུ་བསྟེན་མ་ཡིན། །མི་དགེ་བཤེས་གཉེན་བསྟེན་པས་ནི། །སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ། །ཡོན་ཏན་ཡང་ནི་རྩ་རྒྱུད་ལས། །འཇིག་རྟེན་སྔགས་རྣམས་ཇི་སྙེད་དང་། །དེ་སློབ་བསེ་རུ་བྱང་ཆུབ་སེམས། །བདག་ཉིད་ཆེན་པོས་གསུངས་པ་ཡིན། །ཆོ་ག་གཞུང་དང་མཐུན་པར་ནི། །རབ་ཏུ་གནས་པ་བྱས་ནས་ཀྱང་། །རི་མོ་འདི་ནི་མདུན་བཞག་ན། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར། །དེ་བཞིན་མཆོད་དང་ཕྱག་འཚལ་དང་། །མཐོང་དང་རེག་པ་ཙམ་གྱིས་ཀྱང་། །སྡིག་པའི་རྙོག་པ་ཀུན་ལས་གྲོལ། །རས་རིས་ལ་སོགས་མཐུ་ཆེན་ལ། །དོན་དུ་གཉེར་དང་བསྐུལ་བས་ནི། །མྱུར་དུ་སྐྱེ་བ་དོན་ཡོད་ཐོབ། །རྗེས་སུ་ཡི་རང་དེ་བཞིན་ནོ། །རྟེན་འདི་མཐོང་བའི་སྐྱེ་བོ་ཡིས། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ལས་ནི་ཡོན་བདག་བསོད་ནམས་སྤེལ། །སྔགས་པས་དགེ་བ་རྙེད་པར་བྱེད། །དེ་བཞིན་སློབ་དཔོན་སྔགས་གནས་པས། །ཆོས་ལྡན་མཆོད་པ་བྱེད་པ་གང་། །དེ་ཡིས་སྐྱེ་བར་མཆོད་པར་འགྱུར། །བྱ་ཐབས་ཆོ་ག་དག་ལས་བྱ། །ཆོ་ག་མན་གནས་བཀྲ་མི་ཤིས། །འདིར་སྡུག་ཕ་རོལ་འཇིགས་པ་ཆེ། །དངོས་གྲུབ་འདོད་པས་ཆོ་གར་འབད། །ཆོ་གའི་ཚུལ་ལེགས་བསོད་ནམས་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །རྟེན་ལ་བྱིན་རླབས་འཇུག་པར་འགྱུར། །གང་ཟག་བློ་རིགས་ཐ་དད་པས། །ཡོན་མཆོད་འབྱོར་ཆོག་ཚོགས་པ་ཡིས། །རབ་གནས་རྒྱས་པ་སྤྲོས་བཅས་བྱ། ། 53-256b འབྲིང་པོས་ཆོ་ག་ཚད་ཙམ་དང་། །བསྡུས་པ་ཏིང་འཛིན་ཐུན་གཅིག་ལ། །རྡུལ་ཚོན་ལ་སོགས་མི་དགོས་བྱ། །རྒྱས་པ་མཚན་ལྡན་བླ་མ་ལ། །སློབ་མས་ལན་གསུམ་གསོལ་བཏབ་ནས། །བཀའ་བསྒོ་སློབ་མས་རྫས་བསོགས་ཏེ། །ཡིད་འོང་གནས་སུ་བསྙེན་གསུམ་བསྐྱལ། །ས་ཡི་ཆོ་ག་གཞུང་བཞིན་བྱ། །ལྷ་བུམ་སྦྱིན་སྲེག་ས་ཡི་ལྷ། །སྟ་གོན་སྤྱི་དང་མཐུན་པར་བྱ། །འདི་སྐབས་སློབ་མ་སྟ་གོན་ནི། །གང་བྱེད་གཞུང་དང་མཐུན་གནས་ཡིན། །དེ་ཡང་སྔགས་གྲོགས་སློབ་དཔོན་འདྲ། །ཡོན་བདག་སྟ་གོན་གནས་པ་ནི། །རྒྱས་པ་བཀྲ་ཤིས་ཆོ་ག་འདི། །བརྩམས་ནས་ཡོངས་སུ་རྫོགས་ཀྱི་བར། །ཡོན་མཆོད་ལ་སོགས་མི་རྣམས་ཀུན། །ལུས་ངག་ཡིད་སྤྱོད་བཟང་ལྟས་བྱ། །ངན་པའི་ཕྱོགས་ཀུན་ཐག་རིང་སྤང་། །བཟང་ངན་གང་བྱུང་མི་རབས་བདུན། །འབྱུང་བས་ངན་ན་འབར་སོགས་བཟློག །ནང་པར་དཀྱིལ་འཁོར་རྫས་ཚང་བཤམ། །ཤར་ལྷོར་རབ་གནས་དབང་སྟེགས་ནི། །དཔངས་ཁྲུ་རྒྱ་ནི་རྟེན་དང་སྦྱར། །བ་ཡི་ལྔས་བྱུགས་པད་འཁོར་སེར། །ཉི་ནུབ་དཔོན་སློབ་ཁྲུས་བྱས་བརྒྱན། །བགེགས་བསྐྲད་ཆད་ལྷག་བསྐང་བྱས་ཏེ། །བུམ་པའི་བསྙེན་སྒྲུབ་གཞུང་ལྟར་བྱ། །དེ་ཡང་སྲུང་བའི་འཁོར་ལོ་ནས། །མཆོད་བསྟོད་བསྒོམ་བཟླས་བར་དུ་ནི། །མཚན་མ་བྱུང་གི་བར་དུ་བྱ། །དེ་རྗེས་རང་འཇུག་དབང་ཡང་བླང་། །དེ་རྗེས་སྙན་གསན་གསོལ་བ་གདབ། །ཕྱིར་ཕྱིན་གཏོར་མ་རྒྱ་ཆེན་གཏང་། །བགེགས་ལ་བཀའ་བསྒོ་བདེན་བདར་བྱ། །ནང་ཞུགས་ཉེ་རེག་འཐོར་འཐུང་བྱས། །སྔོན་དུ་ཡོན་བདག་དབང་རྒྱས་བསྐུར། །དེ་ནས་རབ་གནས་སྟ་གོན་ཏེ། །རྟེན་གསར་རྣམས་ནི་དེར་དྲངས་ལ། །དཀྱིལ་འཁོར་མཁར་འདེགས་བདག་ཁྲོར་བསྒྱུར། །བགེགས་ལ་བཀའ་བསྒོ་སྟང་སྟབས་བྱ། །ཁྲོ་བོའི་བསྟོད་བཟླས་ར་དྲ་སོགས། །སྲུང་འཁོར་རྒྱས་པར་བསྒོམ་པར་བྱ། །གོང་ནས་རྟེན་གསར་བཞུགས་པ་ན། །ན་བཟའ་ཅར་གཡོགས་ཞལ་ཕྱིར་བསྟན། །དཀྱིལ་ཁོར་བྲིས་ནས་སྟ་གོན་ཏེ། །མ་བྲིས་རབ་གནས་དབང་ནུས་མེད། །སློབ་དཔོན་བརྟན་མ་ཐོབ་ནུས་མེད། །དཀྱིལ་ 53-257a འཁོར་བྲིས་ཆོག་དགོས་མེད་འགྱུར། །དེས་ན་རྒྱུད་དང་བླ་མ་ནི། །དམ་པའི་སྙན་བརྒྱུད་གདམས་ངག་དགོས། །སྟ་གོན་བགེགས་ནི་བསྐྲད་པའི་གནད། །དངོས་གཞི་བྱིན་རླབས་སྦར་བའི་གནད། །རྗེས་ནི་བསྟན་པ་དར་རྒྱས་གསུམ། །སྟ་གོན་ནུབ་མོ་ཕྱག་རྒྱ་དགྲོལ། །དཀྱིལ་འཁོར་ཤར་སོགས་ཀུ་ཤའི་སྟེང་། །སེང་གེའི་ཉལ་སྟབས་ཆོས་ཉིད་ཉལ། །སྐྱ་རེངས་ཤར་དུས་ཆོས་ཉིད་ལས། །ལངས་ཏེ་ཁྲུས་བྱས་བརྒྱན་ལྷར་བསྐྱེད། །རྟེན་གསར་ཐ་མལ་དྲིལ་སྦྱང་ཕྱིར། །ཤིང་བུ་གྲུ་གསུམ་མེ་སྦར་ལ། །ཁམ་ཕོར་སྟེང་དུ་བག་ཟན་གྱི། །ཀོང་བུ་གསུམ་ལ་མར་མེ་སྦར། །འབྲས་ཀྱི་ཆང་བུ་གསུམ་ལ་ནི། །རྡོ་རྗེ་གཙུག་ཏོར་གནོད་སྦྱིན་གྱིས། །སྐུ་ལ་ཕྱི་བཀྲུ་ལན་གསུམ་བྱ། །འབྲས་མེད་བག་བྱེས་བྱ་བར་འོས། །སྔགས་གཉིས་ཟློས་ཤིང་ཡུངས་ཀར་བྲབ། །མི་གཙང་དོར་བསམ་སླ་རང་བླུགས། །དེ་རྗེས་ཆུ་མེས་དེ་ལྟར་བྱ། །ཡང་ན་གཡམ་སྟེང་ཆུ་མེ་དང་། །ཞོ་ཟན་བསྲེས་དང་ཡུངས་ཀར་ལ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བཟླས་མེར་བསྲེགས་བཞི་མདོར་དོར། །འདག་ཆལ་སུག་པ་ཉེ་ཤིང་པ། །ཤུ་ཏི་སྲན་ཕྱེ་བ་ཡི་ལྔ། །ཏིལ་མར་གྱིས་ནི་སྔགས་བཅས་བཀྲུ། །བག་ཆགས་སྦྱང་ཕྱིར་ཆུ་བརྒྱད་ཁྲུས། །རྡུལ་གཡབ་མེ་ལོང་བསྟན་བྱས་ཏེ། །ཆབ་གཙང་ཆུ་གཙང་སྨན་ཆབ་དང་། །སྤུ་ཆབ་འོ་མ་འབྲུ་སྣ་ལྔ། །རིན་ཆེན་མཆོད་ཡོན་ཁྲུས་བྱས་ལ། །ཤིང་བལ་རས་ཀྱིས་སྐུ་ཕྱིས་ལ། །དབང་སྟེགས་སྟེང་དུ་བཞུགས་གསོལ་ལ། །མར་དང་དྲི་ལྔ་ག་པུར་དང་། །ཙནྡན་ཛཱ་ཏི་གུར་གུམ་དང་། །གླ་རྩི་བྱུགས་ཏེ་སྟོང་པར་སྦྱང་། །སྟོང་པའི་སྔགས་གསུམ་རིམ་བཞིན་བརྗོད། །དེ་ནས་ལྷར་བསྐྱེད་དངོས་དེའམ། །དཀྱིལ་འཁོར་གང་བྲིས་ཡི་དམ་ལྷ། །གཙོ་འཁོར་བཅས་བའམ་གཙོ་རྐྱང་ནི། །མངོན་པར་བྱང་ཆུབ་ལྔས་བསྐྱེད་ལ། །རབ་གནས་དབང་བསྐུར་མངའ་གསོལ་གསུམ། །རབ་གནས་ཡེ་ཤེས་སེམས་དཔའ་ཡི། །སྤྱན་དྲང་ཆོས་བརྒྱད་སྙན་གསན་དབབ། །སྤྱན་དྲངས་བཞུགས་གསོལ་ཁྲུས་མཆོད་ཡོན། །ཕྱག་འཚལ་སུམ་བསྲེས་སྐུ་གསུང་ 53-257b ཐུགས། །བྱིན་གྱིས་བརླབ་པའི་བར་དུ་བྱ། །དེ་ལ་མཆོད་པའི་རིམ་པ་ནི། །རིན་ཆེན་མཎྜལ་ཐུན་མོང་ལྔ། །རྒྱན་དང་གཞལ་ཡས་གདུགས་རྒྱལ་མཚན། །བ་དན་འཕན་དང་བླ་རེ་དང་། །མེ་ཏོག་ཕྲེང་བ་རོལ་མོས་བསྐོར། །ན་བཟའ་ནམ་མཁའ་མཛོད་ཞལ་ཟས། །གླིང་བཞི་མཎྜལ་དབུལ་བར་བྱ། །རང་རང་སྔགས་དང་རྟེན་འབྲེལ་གྱི། །སྙིང་པོ་བརྒྱ་དང་རྩ་བརྒྱད་བཟླས། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད། །བཟླས་པས་བརྟན་པར་བྱེད་པ་ཡིན། །དེ་དག་སྤྱི་ཡི་རབ་གནས་ཏེ། །ཁྱད་པར་སྐུ་གསུང་ཐུགས་རྣམས་ལ། །རང་རང་ཆོ་ག་གཞུང་བསྲངས་ལ། །མཆོད་རྟེན་ལ་སོགས་ཐུགས་རྟེན་ལ། །ཁྱད་པར་ཆོས་བཞི་བྱིན་གྱིས་བརླབ། །རྡོ་རིང་ཐེམ་སྐས་ཆུ་སྲིན་གྱི། །རྒྱལ་མཚན་ལ་སོགས་དབུལ་བའོ། །བྱིན་བརླབས་ས་གཞི་ཆོས་ཀྱི་དབྱིངས། །སེང་ཁྲི་མི་འཇིགས་བཞིར་བྱིན་བརླབ། །རྨང་ནི་དགེ་བཅུ་ཁྲི་འཕང་ནི། །དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་བདག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བཞི་པ་སྣང་བའི་དབང་པོ་ལྔ། །བུམ་རྟེན་སྟོབས་ལྔར་བྱིན་གྱིས་བརླབ། །བུམ་པ་བྱང་ཆུབ་ཡན་ལག་བདུན། །ཁ་ཁྱེར་འཕགས་ལམ་ཡན་ལག་བརྒྱད། །དེ་དག་རྒྱུ་ཆོས་བྱིན་བརླབ་སྟེ། །འབྲས་བུའི་ཆོས་སུ་འདི་ལྟར་བརླབ། །སྲོག་ཤིང་མཁྱེན་བཅུ་བྲེ་ལེགས་ནི། །ཡེ་ཤེས་བཞི་དང་རྣམ་ཐར་བཞི། །འཁོར་ལོ་བཅུ་གསུམ་ས་བཅུ་དང་། །དྲན་པ་ཉེར་གཞག་གསུམ་དུ་བརླབ། །ཆར་ཁབས་གདུགས་ནི་ཐུགས་རྗེའི་སྐྱབས། །ཏོག་ནི་ཆོས་དབྱིངས་ངོ་བོ་ཉིད། །ཕྱི་ནི་སྐུ་གསུམ་ནང་གཞལ་ཡས། །རྡོ་རིང་རིན་ཆེན་ཐེམ་སྐས་དང་། །ཆུ་སྲིན་རྒྱལ་མཚན་དར་དཔྱངས་དང་། །རིན་ཆེན་ཕྲེང་བ་ཉི་ཟླ་དབུལ། །བྱ་རུ་ཐབས་དང་ཤེས་རབ་ཡིན། །མཆོད་རྟེན་སྐུ་བསྡུས་རབ་གནས་བྱ། །རང་རང་རབ་གནས་ལེགས་པར་བྱ། །སྐུ་གཟུགས་ཁྱད་པར་ཆོས་བརྒྱད་དེ། །སྤྱན་དབྱེ་དབུ་སྐྲ་སྤྲུལ་སྐུའི་གཞར། །ལོངས་སྐུའི་དུང་གི་སོ་མངས་བཤད། །ཤངས་དབྱེས་སྤུ་ཐོག་ཚེམས་རྩ་བྲུ། །ལྗགས་བཞར་སྙན་སྤབས་ 53-258a བྲུ་ཞིང་བསལ། །ན་བཟའ་སྤྲུལ་པའི་སྐུ་ལ་ནི། །སྨད་གསུམ་ཆུ་ཚགས་པར་འཁར་གསིལ། །ལོངས་སྐུ་ཞི་ལ་དར་གྱི་སྟེ། །ཁྲོ་བོའི་སྟག་ལྤགས་དར་སྔོན་གྱི། །སྟོད་གཡོགས་རྒྱན་ནི་སྦྲུལ་ཐོད་སོགས། །སྤྲུལ་སྐུ་རྒྱན་མེད་ལོངས་ཞི་ལ། །བྲིས་བཀོད་དབུལ་བསམ་ཆོ་གས་དབུལ། །དངོས་སུ་དབུལ་དུ་ཡོད་ན་རབ། །གསུང་རབ་ཞལ་བསྲོའི་ཁྱད་པར་དགུ། །དོན་གསུང་སྐྱེ་འགག་མེད་པར་བརླབ། །ཚིག་གསུང་ཡིག་འབྲུ་གསུང་རབ་ནི། །ཡན་ལག་ཚད་མེད་བཞི་བཅུར་བརླབ། །ཁྲི་དབུལ་གླེགས་ཤིང་གླེགས་ཐག་དབུལ། །ན་བཟའ་ཞལ་ཁེབས་རྒྱ་རིམ་བདུན། །ཕ་རོལ་ཕྱིན་པ་ཡུམ་ཆེན་མོ། །མདོ་སྡེ་འདུལ་བ་བྱང་ཆུབ་ཆེ། །རྒྱུད་སྡེ་རྡོ་རྗེ་ཆོ་སོགས་ཏེ། །ཆོ་ག་ཡི་དམ་ལ་སོགས་པ། །ངོ་ཤེས་བྱེ་བྲག་མི་ཤེས་སྤྱི། །ཡང་ན་བདེན་གཉིས་ཡི་གེར་བསམ། །དྲི་ལྔ་ཡིས་ནི་དེ་ནས་བྱུག །ས་བོན་ལྔ་ཡི་གཏོར་བྱའི་དོན། །སྐྱེ་མེད་རྟོག་པ་གསལ་བ་ཡིས། །ཆོས་སྐུ་ལ་ནི་ཆོས་སྐུ་ཐིམ། །གཉིས་སུ་མེད་བསམས་མེ་ཏོག་དབུལ། །ཐུགས་ཀྱི་མཆོད་པ་དྲི་ཡིས་བྱུག །དེ་ནས་སྤྱིར་ནི་དབང་བཅུ་གཅིག །བུམ་པ་དབུ་རྒྱན་ཅོད་པན་དང་། །ཕྱག་རྒྱ་མིང་དབང་ལས་བཞིའི་དབང་། །ཆོས་ཀྱི་རྒྱལ་པོ་གསང་བའི་དབང་། །ཐབས་ཤེས་གདུགས་དང་ཕྲེང་དབང་བསྐུར། །རྗེས་ལ་མངའ་གསོལ་རྟེན་ཀུན་ལ། །རྫས་བརྒྱད་སྣ་བདུན་དབུལ་བ་དང་། །བཀྲ་ཤིས་བྱིན་ཆེར་གསོལ་བ་ནི། །འབྲང་རྒྱས་ལ་སོགས་བཀྲ་ཤིས་རྫས། །མང་ལ་འཇིག་རྟེན་དགེ་བ་དང་། །མཛད་པ་བཅུ་གཉིས་དཀོན་མཆོག་གསུམ། །རིགས་ལྔ་ལ་སོགས་མང་པོ་ནི། །བཀླག་དང་གྱེར་བས་ཞལ་བསྲོ་བྱ། །གོང་དུ་ཅོད་པན་དབང་བསྐུར་རམ། །ཡང་ན་སྔགས་འདིས་བཅིང་བྱས་ཏེ། །ཨོཾ་ཧཱུྃ་ཨྃ་ཛྲཱྀྃ་ཁཾ། སྐུ་ཡི་སུམ་འགྱུར་ཁྲི་ལ་ནི། །མདུན་དུ་མ་ནུབ་མི་ཡོར་བཞུགས། །དེ་ལྟར་མ་བྱས་སྐྱོན་མང་འབྱུང་། །དེ་ནས་སློབ་དཔོན་ཡོན་བདག་གཉིས། །མེ་ཏོག་གཏོར་ཏེ་གདན་ཁྲི་ནས། །བཟུང་ལ་བཞུགས་པར་ལན་གསུམ་གསོལ། །དེ་ནས་ 53-258b མཚན་བརྒྱ་རྩ་བརྒྱད་སོགས། །བསྟོད་པ་རྒྱས་བསྡུས་སྐབས་དང་སྦྱར། །དེ་ཡི་ཡོན་ཏན་ལ་དད་པས། །མེ་ཏོག་སྤོས་དང་དེ་བཞིན་དྲི། །མར་མེ་ལྷ་བཤོས་ན་བཟའ་སོགས། །སྔགས་ལྡན་རྒྱས་བསྡུས་སྐབས་དང་སྦྱར། །དེ་ནས་ཡོན་བདག་མདུན་བཞག་ལ། །མེ་ཏོག་དྲི་ཡི་མངའ་གསོལ་བ། །རྟེན་འབྲེལ་སྙིང་པོ་ཟློས་བཞིན་དུ། །ལྷ་ལ་དབུལ་བ་བཞིན་བྱས་ལ། །གཟེངས་བསྟོད་མཆོད་པའི་རྗེས་གནང་སྦྱིན། །གསང་བའི་བདག་པོ་བཅོམ་ལྡན་འདས། །ཕྱག་ན་རྡོ་རྗེ་འཁོར་བཅས་ལ། །གཏོར་མ་ཕུལ་ལ་གསོལ་བ་གདབ། །སྤྱི་ཡི་ཆོས་སྐྱོང་ཕྱོགས་སྐྱོང་བཅུ། །རྣམ་སྲས་མགོན་པོ་གཞི་བདག་ལ། །གཏོར་སྦྱིན་ཕྲིན་ལས་བཀའ་བསྒོ་བྱ། །ཕྱི་རྗེས་བཟོ་བོ་གྲོགས་བྱེད་སོགས། །འདི་སྐད་བརྗོད་དེ་མཆོད་པར་བྱ། །ཀྱེ་གསོན་དགའ་བས་འདི་ཉིད་དུ། །ཇི་ལྟར་གསུངས་པའི་མཆོད་པ་རྣམས། །བདག་ལ་མཐུན་པའི་ནུས་པ་མེད། །དེ་ཕྱིར་ཁྱེད་ནི་བཟོད་པར་གསོལ། །དེ་དག་གང་དག་བརྟུལ་ཞུགས་ཅན། །དགེ་སློང་དགེ་བསྙེན་དགེ་བསྙེན་མ། །མཆོག་ཏུ་གུས་པས་མཆོད་བྱས་ལ། །ཇི་ལྟར་འོས་པའི་ཡོན་ཡང་དབུལ། །རབ་ཏུ་བྱུང་བའི་གནས་བརྟན་དང་། །ཁྱིམ་པའི་གཙོ་བོ་ལ་སོགས་ལ། །ཉེར་གཏད་བཀའ་བསྒོ་འདི་སྐད་བརྗོད། །སྙིགས་མ་ལྔ་ཡི་དུས་འདི་ཡི། །མཆོག་གི་སྐུ་དང་མཉམ་པ་ཡི། །སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། །ཁྱོད་ཀྱིས་མ་ཉམས་སྲུང་མཆོད་གྱིས། །སྔགས་ཀྱི་བཟའ་བཅའ་ཡོན་བདག་ལ། །སྐབས་འདིར་སྦྱིན་ཏེ་འདི་སྐད་བརྗོད། །སྔགས་ཀྱི་གཙང་སྦྲའི་བཟའ་བཅའ་དག །གཟུགས་བརྙན་བདག་པོ་ཁྱོད་ལ་སྦྱིན། །བདེ་གཤེགས་ལྷག་མ་འདི་དག་ནི། །ཟོས་ན་སྡིག་པ་བྱང་བར་འགྱུར། །གལ་ཏེ་ལྷག་ཉིད་དགེ་འདོད་ན། །བླ་མ་གུས་པས་དགེ་བྱ་ཞིང་། །དེ་ལྟར་རྣམ་པ་ཐམས་ཅད་དུ། །བླ་མ་ཡང་དག་མཉེས་བྱས་ཏེ། །ཡོན་གྱི་དམ་པ་དབུལ་བ་ནི། །རྟ་དང་གླང་པོ་ཤིང་རྟ་ནོར། །ལོངས་སྤྱོད་ཡོ་བྱད་དབུལ་འདི་བརྗོད། །བླ་མ་ཡོངས་སུ་མཉེས་པ་ཡིས། །ལས་དང་དངོས་གྲུབ་ཐམས་ཅད་འཐོབ། །དེ་བས་དངོས་པོ་ 53-259a ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །དེ་ནས་མཚན་མོ་གཏང་རག་སྟེ། །གཉེན་དང་རིགས་རྒྱུད་འཁོར་རྣམས་ཀྱི། །བཟང་བའི་གླུ་གར་རོལ་མོ་སྟེ། །དུང་ལ་སོགས་པའི་རོལ་མོ་དབུལ། །ལྷོ་ཕྱོགས་རྒྱས་པའི་ཐབ་བྱས་ལ། །འོ་མ་ཅན་གྱི་བུད་ཤིང་བརྩིག །འབྲུ་དང་མངར་གསུམ་མར་འོ་མས། །དང་པོ་མཇུག་ཏུ་མེ་ལྷ་མཆོད། །བར་དུ་དཀྱིལ་འཁོར་རབ་གནས་ལྷ། །སྟོང་ངམ་ལྔ་བརྒྱ་སོགས་སྔགས་འདིས། །ཨོཾ་བཛྲ་ཨཱ་ཡུ་ཥེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྡིག་ཞི་ཚེ་དཔལ་རྒྱས་པར་འཕེལ། །གཏང་རག་ལྷག་ཆད་བསྐང་བ་ཡི། །མཆོད་བསྟོད་བཟོད་གསོལ་སྐབས་སྦྱར་བྱ། །རྟེན་གསར་ཡེ་ཤེས་མི་གཤེགས་ཏེ། །ཙཱ་རུའི་སྟོན་མོ་རྒྱས་པར་བྱ། །དཀྱིལ་འཁོར་ལྷ་གཤེགས་དམ་ཚིག་བསྡུ། །རྡུལ་ཚོན་ཨ་ཀཱར་སྔགས་བསྡུས་ཏེ། །ཆུ་སོགས་དོར་ལ་བའི་ལྔས་བྱུག །དེ་ནས་འགྲོ་རྣམས་དད་བྱའི་ཕྱིར། །ཤིང་རྟ་ཁྲི་སོགས་མཐོ་བར་བཏེག །མཆོད་པ་རོལ་མོ་དང་བཅས་པས། །གྲོང་ཁྱེར་རྣམས་སུ་བསྐོར་བར་བྱ། །སྤྲོས་མི་དགའ་ལ་བསྡུས་པ་ནི། །བསྙེན་པས་ཆོ་ག་སྟ་གོན་དང་། །དཀྱིལ་འཁོར་བྲི་སྒྲུབ་རྟེན་གསར་ལ། །བགེགས་བསྐྲད་ཡི་གེ་བརྒྱས་བརྟན་པར། །གོང་བཞིན་སྤྱན་དབྱེ་ལ་སོགས་པ། །ནུབ་གཅིག་ལ་ནི་ཀུན་རྫོགས་བྱ། །མངའ་གསོལ་རྒྱས་པར་མ་གྲུབ་ཀྱང་། །འདི་ལ་ཉེས་པར་མི་འགྱུར་རོ། །ཤིན་ཏུ་བསྡུས་པའི་རབ་གནས་ནི། །བརྟན་པ་ཐོབ་པའི་སློབ་དཔོན་གྱིས། །གཟའ་སྐར་ཚེས་གྲངས་མི་བརྩི་སྟེ། །རྡུལ་ཚོན་མི་བརྟེན་ཐུན་གཅིག་ལ། །དཀྱིལ་འཁོར་བསྒོམས་ཏེ་བརྒྱ་རྩ་བསྙེན། །བགེགས་བསྐྲད་བཀྲུ་སོགས་གོང་ལྟར་བྱ། །བསྐྱེད་དེ་སྤྱན་དྲངས་སྐུ་གསུང་ཐུགས། །བྱིན་གྱིས་བརླབ་དང་དབང་བསྐུར་བ། །སྙིང་གའི་ས་བོན་འོད་ཀྱིས་ནི། །འོག་མིན་རིགས་ལྔའི་ཐུགས་ཀ་ནས། །བཀྲ་ཤིས་ལྷ་མོ་བུམ་རོལ་བཅས། །དབང་བསྐུར་རིགས་བདག་རྒྱས་བཏབ་བསམ། །རྟེན་འབྲེལ་སྙིང་པོ་བརྒྱ་རྩ་རེས། །དྲི་དང་མེ་ཏོག་གཏོར་བྱུགས་ཏེ། །རང་རང་ལྷ་ལ་ཆོས་སྐུར་ཐིམ། །བསམས་ལ་རྡོ་རྗེས་མཆོད་ 53-259b བསྟོད་བྱ། །རྗེས་སོགས་སྤྱི་དང་མཐུན་པར་བྱ། །ལྷ་ཁང་རབ་གནས་འདིར་མ་བཤད། །ད་ནི་ཕྱག་མཚན་བྱིན་དབབ་སྟེ། །སྭ་བྷཱའི་སྔགས་ཀྱིས་སྟོང་ངང་ལས། །དཀར་རིགས་ལྷ་ཁང་མཆོད་རྟེན་གནས། །ཁང་ཁྱིམ་བྷྲཱུཾ་ལས་འཁོར་རྣམ་སྣང་། །གསུང་རིགས་དམར་དང་པོ་ཏི་ཅོད། །གཎྜཱི་ཆ་ལང་དྲིལ་བུ་སོགས། །ཛྲཱཱྀཾ་ལས་པདྨ་སྣང་མཐའ་ཡས། །ནག་སྔོ་རྡོ་རྫེ་ཕུར་ཕྲེང་ཐུགས། །ཧཱུཾ་ལས་རྡོ་རྗེ་མི་བསྐྱོད་བསྐྱེད། །སེར་པོ་བང་མཛད་ཡོན་ཏན་རིགས། །ཨཾ་ལས་རིན་ཆེན་རིན་འབྱུང་བསྐྱེད། །ལས་རིགས་ལྗང་གུ་རྒྱ་གྲམ་གྲི། །ཁཾ་ལས་རལ་གྲིས་དོན་ཡོད་གྲུབ། །ཆོས་སྐྱོང་རྣམས་ལའང་རང་རང་གིས། །འཇིག་རྟེན་འབག་ལ་རིགས་གསུམ་གྱིས། །རིགས་ཀྱི་འབག་ལ་རང་རང་ལྷས། །ངོ་མི་ཤེས་ཀུན་དེ་འདྲར་རེའམ། །རིགས་བསྟུན་གོང་གིས་ཤེས་པར་བྱ། །སྲོག་ཆགས་གཙོ་བོའི་སྤྲུལ་སྐུས་བྱད། །སྲུང་འཁོར་ཀུན་དགའ་ར་བཀད་ས། །གཞལ་ཡས་ཁང་ངམ་ཨ་མོ་ལི། །ཆུ་མིག་ཁྲོན་སོགས་མཱ་མ་ཀཱི། །བཟའ་ཤིང་ར་དང་ལྡུམ་ར་སོགས། །ཤིང་གི་ལྷ་མོ་འོད་འཆང་མས། །ཕྱུགས་ལྷས་པརྞ་ཤ་བ་རི། །འབྲུ་དང་བང་མཛོད་ཛམྦྷ་ལ། །ཡོན་བདག་དཀྱིལ་འཁོར་མཐོང་ན་ལྷ། །མ་མཐོང་ནི་ནི་སྤྲུལ་སྐུས་བྱ། །བླ་མའི་སྐུ་འབག་ཐུགས་དམ་སྟེ། །མི་ཤེས་རང་གི་ཡི་དམ་ལས། །སྔགས་ལ་མ་ཞུགས་སྤྲུལ་པའི་སྐུ། །ཀུན་ལ་དགུག་གཞུག་གོང་བཞིན་བྱ། །ཕྲིན་ལས་རྒྱས་པའི་ཆོ་ག་སྟེ། །རབ་གནས་རིམ་གསུམ་འཁོར་བཅས་འདི། །བདག་གིས་རང་བཟོར་མ་བྱས་ཏེ། །གཙོ་ཆེར་ཀླུ་སྒྲུབ་ལུགས་གཙོར་བཞག །རྡོ་རྗེ་འཆང་ནས་གཉིས་བརྒྱུད་པའི། །ལུང་དང་འདྲ་བའི་ནཱ་རོ་དང་། །བྱང་ཆུབ་སེམས་ལས་ཐོབ་པ་ཡི། །སྒེག་པ་རྡོ་རྗེ་སྐལ་ལྡན་མཆོག །དེ་གསུམ་སྙན་ནས་སྙན་བརྒྱུད་པའི། །མན་ངག་བླ་མ་མཉེས་པས་ཐོབ། །རྒྱུད་དང་བསྟན་བཅོས་ལེགས་བརྟེན་ནས། །རང་ཉིད་དྲན་པ་གསོ་བ་དང་། །གཞན་ཡང་བདག་འདྲ་གཏི་མུག་ལ། །ཕན་ཕྱིར་གཞན་གྱིས་བསྐུལ་ནས་བྲིས། །མ་རྟོགས་ནོངས་པ་བཟོད་པར་གསོལ། །བརྩམས་ 53-260a པའི་དགེ་བ་ཅུང་ཟད་དེས། །སེམས་ཅན་བདེ་ཆེན་སྐུ་ཐོབ་ཤོག །སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བི་ཀྲ་མ་ཤཱི་ལར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

53-260a 諸天蓋善住古色附與儀軌 ༄། །རབ་ཏུ་གནས་པའི་ཆོ་ག། ༄༅༅། །རྒྱ་གར་སྐད་དུ། ཙྪ་ཏྲཱ་དི་པྲ་ཏིཥྛཱ་ཛཱི་རྞྞོདྷཱ་ར་བི་དྷིཿ བོད་སྐད་དུ། གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱིན་པའི་ཆོ་ག དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་གསེར་ལས་གྲུབ་པ་ལ་སོགས་པའི་གདུགས་ཨ་ཡིག་ལས་སྐྱེས་པའི་ཡུ་བ་ཨ་བ་དྷཱུ་ཏཱིའི་རང་བཞིན་ཅན། ཧཾ་ཡིག་ལས་སྐྱེས་པ་རྩ་སུམ་ཅུ་རྩ་གཉིས་ཀྱིས་ངེས་པར་བཅིངས་པའི་རྩིབས་སུམ་ཅུ་རྩ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩིའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་མཚོན་པར་བྱེད་ཅིང་། ཉོན་མོངས་པའི་ཚ་གདུང་ཐམས་ཅད་འཕྲོག་པར་བྱེད་པའི་དམ་ཚིག་སེམས་དཔའ་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དེར་གཞུག་པར་བྱ་ཞིང་བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཨཱཿཙྪ་ཏྲཱ་བ་ལི་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་བསྔགས་པར་བྱ་སྟེ་གདུགས་རབ་ཏུ་གནས་པའོ། །དེ་བཞིན་དུ་ཨོཾ་ཡིག་ལས་སྐྱེས་པ་ཆེས་བཟང་པོའི་གསེར་གྱིས་སྤྲས་པའི་ཡུ་བ་ཅན་བཀྲ་ཤིས་པའི་རང་བཞིན་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བའི་རྔ་ཡབ་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་། བུམ་པའི་ཆུས་དབང་བསྐུར་ཏེ་མཆོད་པ་བྱས་ནས། ཨོཾ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱ་སྟེ་རྔ་ཡབ་རབ་ཏུ་གནས་པའོ། །དེ་བཞིན་དུ་སིཾ་ཡིག་ལས་སྐྱེས་པའི་སེང་གེ་དང་། ཨ་ཡིག་ 53-260b ལས་སྐྱེས་པའི་གཞན་གྱིས་མི་ཐུབ་པ་དང་། ཀཾ་ཡིག་ལས་སྐྱེས་པའི་རིན་པོ་ཆེའི་བུམ་པ་དང་། མ་ཡིག་ལས་སྐྱེས་པའི་ཉ་དང་རྨ་བྱ་དང་རི་དྭགས་དང་ཆུ་སྲིན་ལ་སོགས་པ་དང་། གཾ་ཡིག་ལས་སྐྱེས་པའི་མཁའ་ལྡིང་དང་། པཾ་ཡིག་ལས་སྐྱེས་པའི་པདྨ་དང་། ཨ་ཡིག་ལས་སྐྱེས་པའི་མེ་ལོང་དང་། ཨཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དང་། ཁྱུ་མཆོག་དང་། ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དང་། ཏྲཾ་ཡིག་ལས་སྐྱེས་པའི་རིན་པོ་ཆེ་དང་། ཧཾ་ཡིག་ལས་སྐྱེས་པའི་ངང་པ་ལ་སོགས་པས་མཚན་པར་གྱུར་པའི་དམ་ཚིག་སེམས་དཔའ་རྣམ་པར་བསམས་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་། བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་དྷཱ་ཛ་བ་ཏི་ཛ་ཡོ་དྷ་རི་སྭཱ་ཧཱ། ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱ་སྟེ་རྒྱལ་མཚན་རབ་ཏུ་གནས་པའོ། །དེ་བཞིན་དུ་པཾ་ཡིག་ལས་སྐྱེས་པ་འོད་གསལ་ཞིང་རབ་ཏུ་གདུང་བ་སྐྱེད་པར་བྱེད་པའི་དམ་ཚིག་སེམས་དཔའི་གཟུགས་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་། བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་ཏཱ་ཀེ་དྷི་ཏིཥྛ་པཾ་སྭཱ་ཧཱ། ཞེས་པ་འདི་ལན་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ་སྟེ་བ་དན་རབ་ཏུ་གནས་པའོ། ། ༄། །རྙིང་པ་འབྱིན་པའི་ཆོ་ག། ༆ དེ་ནས་དཀྱིལ་འཁོར་པའི་ལྷ་དང་གནས་ཀྱི་བདག་པོ་དང་འཇིག་རྟེན་སྐྱོང་བ་དང་སའི་བདག་པོ་དང་གླགས་ལྟ་བའི་སྐྱེ་བོ་དང་བཟོ་བོ་དང་སློབ་དཔོན་དང་ཆོས་སྨྲ་བ་ལ་སོགས་པ་རྣམས་ལ་བདག་ཉིད་ཇི་ལྟ་བ་བཞིན་མཆོད་པ་བྱས་ནས་སྔར་བཤད་པའི་ཆོ་གས་གཏོར་མ་ཆེན་པོ་སྦྱིན་པར་བྱའོ། །གྲོང་དང་གྲོང་ཁྱེར་དང་གཙུག་ལག་ཁང་ལ་སོགས་པ་གང་དུ་མཆོད་རྟེན་དང་། སྐུ་གཟུགས་དང་། རྒྱལ་མཚན་ལ་སོགས་པ་རྙིང་པ་དང་གས་པ་དང་ཚིག་པ་དང་ཞིག་པ་ལ་སོགས་པར་ལྷ་རྣམས་གནས་པར་གྱུར་ན་གནས་དེར་སེམས་ 53-261a ཅན་རྣམས་ལ་ནོར་ཉམས་པ་དང་འཐབ་རྩོད་དང་མུ་གེ་དང་སྐྱེ་བོ་རྣམས་ཟད་པར་འགྱུར་བ་ལ་སོགས་པའི་སྐྱོན་རྣམས་འབྱུང་བས་རྙིང་པ་འབྱིན་པའི་ཆོ་ག་བྱའོ། །དེ་ལ་སློབ་དཔོན་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་ཆུ་དང་མེ་ཏོག་དང་བདུག་པ་དང་མར་མེ་དང་ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་དེ། འདིས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་སྔགས་རྒྱལ་པོ་ཁྱོད་ཕྱག་འཚལ། །སེམས་ཅན་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་རྙིང་པ་འབྱིན་པ་ཡི། །ཆོ་ག་བཟང་པོ་བྱ་བར་འདོད། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱི། །བུམ་པ་འདིར་ནི་གཞུག་པར་གསོལ། །ཞེས་སོ། །དེ་ནས་ཡུད་ཙམ་དེ་ལ་ངེས་པར་བརྟགས་ཏེ་དེའི་ཐུགས་ཀར་དེའི་ས་བོན་བལྟས་ཏེ་ལག་པ་གཡོན་པས་བགྲང་ཕྲེང་བཟུང་ནས། དེ་ལ་བཅིངས་པའི་སྲད་བུ་ལྔ་དང་རྡོ་རྗེ་དང་བཅས་པ་ལག་པ་གཡས་པས་བཟུང་སྟེ། རང་རང་གི་སྔགས་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླ་ཞིང་ཧོཿཡིག་གཉིས་དང་སྤེལ་བའི་ས་བོན་རྣམ་པར་གཞུག་པར་བྱའོ། །དེ་ནས་སྔར་བཤད་པའི་ཆོ་གས་སྦྱིན་སྲེག་བྱས་ནས་ཐག་པ་རྣམས་ཀྱིས་བཅིངས་ཏེ་ཁྱུ་མཆོག་གི་འཁྲུལ་འཁོར་ལ་སོགས་པ་རྣམས་ཀྱིས་བསྐྱོད་པར་བྱའོ། །དེ་ནས་བུམ་པ་དེས་ཕྱོགས་དབེན་པར་བཞག་སྟེ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །མཆོད་རྟེན་ལ་སོགས་པ་རྡོའི་རང་བཞིན་གང་ཡིན་པ་དང་། གྲུམ་པ་དང་ཞིག་པ་དེ་ནི་ཆུ་མང་པོ་ཡོད་པའི་ཆུ་ཀླུང་དུ་གཞུག་པར་བྱའོ། །སའི་རང་བཞིན་གྱི་མཆོད་རྟེན་ལ་སོགས་པ་གང་དང་གང་འདུ་བྱ་བར་མི་བཟོད་པ་རྣམས་ནི་དེ་ཉིད་དུ་གཞུག་པར་བྱའོ། །གང་དང་གང་ཤིང་ལས་བྱས་པའི་རྙིང་པ་དང་ཞིག་པ་དེ་དང་དེ་ནི་མར་གྱིས་བསྒོས་ཏེ་རས་ཀྱིས་དཀྲིས་ནས་སྦྱིན་སྲེག་གི་མེས་བསྲེག་པར་བྱའོ། །གང་ཞིག་ཟངས་ལ་སོགས་པ་ལས་བྱས་པ་དེ་ནི་བཞུ་ནས་སྔར་གྱི་ཚད་ལས་མི་དམན་པར་བྱའོ། །མཆོད་རྟེན་ལ་སོགས་པ་དེ་དག་གྲུབ་ནས་མཆོད་ཡོན་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས་སྔར་བུམ་པར་བཞག་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་ཡེ་ 53-261b ཤེས་སེམས་དཔའ་ཕྱུང་ནས་མཆོད་རྟེན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་དེ་ལ་བུམ་པའི་ཆུས་དབང་བསྐུར་རོ། །དེ་ནས་རང་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ཏེ། སྔར་བཤད་པའི་རིམ་པས་མེའི་མཆོད་པ་དང་རབ་ཏུ་གནས་པ་ཡང་བྱའོ། །རྙིང་པ་འབྱིན་པའི་ཆོ་གའོ། །གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱིན་པའི་ཆོ་ག་འདིའི་རྒྱ་དཔེ་གཉལ་གྱི་ཕྱོགས་ནས་རྙེད་དོ། །བསྟན་པ་རིན་པོ་ཆེ་ལ་ཕུལ་དུ་བྱུང་བའི་གཅེས་སྤྲས་སུ་མཛད་པ་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་དཔལ་སྣེའུ་གདོང་རྩེར་བསྒྱུར་བའོ།། །།

53-261b 土樹石儀軌 ༄། །སའི་ཆོ་ག། ༄༅༅། །ས་དང་ཤིང་དང་རྡོའི་ཆོ་ག་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྷ་ཡི་རྣལ་འབྱོར་དང་ལྡན་པས། །ས་གཞི་མཆོད་པ་མཆོག་བསྒྲུབས་ཏེ། །ལྷ་ལས་ལྡང་བར་བྱས་ནས་ནི། །དེ་ནས་ས་གཞི་སྦྱར་བར་བྱ། །དེ་ལ་སློབ་དཔོན་གྱིས་རང་གི་འདོད་པའི་ལྷའི་རྣལ་འབྱོར་བྱས་ཏེ་མཚན་མོའི་དུས་སུ་གཞོན་ནུ་མ་གཅིག་གདོང་ཤར་དུ་ཕྱོགས་པ་ལ་མཆོད་པ་བྱས་ཏེ་བསྟོད་ནས། ཀྱེ་བཅོམ་ལྡན་འདས་མ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་ཅེས་བརྗོད་དེ། ཨ། ཀ པ། ཏ། ཙ། ས། ཧ། བ། ཛ་རྣམས་ཚིག་གི་ཐོག་མར་བྱུང་བའི་དེའི་བརྗོད་པ་མ་འཁྲུལ་པར་རྗེས་སུ་དཔག་པར་བྱའོ། །དེ་མིག་དགུ་པའི་ས་རྣམས་ལ་དེར་གལ་ཏེ་བྱང་དུ་ཨ་ཡིག་ཐོག་མར་གྱུར་པ་དེའི་ཚེ་ངེས་པར་ཤར་གྱི་ཕྱོགས་སུ་རྐང་པས་ལྷག་པའི་ཁྲུ་གང་གི་འོག་ན་སྲོག་ཆགས་གཉིས་ཀྱི་ཟུག་རྔུའོ། །དེ་མ་ཕྱུང་ན་རིགས་རྒྱུད་དང་རང་གི་ཆུང་མ་འཆི་བ་དང་མེའི་འཇིགས་པའི་སྐྱོན་འབྱུང་ངོ་། །ཀ་དང་པོར་བརྗོད་ན་བྱང་དུ་མེའི་ཟུག་རྔུ་སྟེ་རྒྱལ་རིགས་ཀྱི་རུས་པ་རྐང་པ་གཉིས་ཀྱིས་ལྷག་པའི་ཁྲུ་གང་གི་འོག་ན་ཡོད་དོ། །དེ་གལ་ཏེ་མ་ཕྱུང་ན་དེའི་ཚེ་ནད་སྣ་ཚོགས་དང་། མེའི་འཇིགས་པ་དང་དོན་ཉམས་པ་རྒྱལ་པོས་གཟིར་བ་རབ་ཏུ་འབྱུང་བར་འགྱུར་རོ། །པ་དང་པོར་བརྗོད་ན་བྱང་དང་ལྷོའི་ཕྱོགས་སུ་རྐང་པས་དམན་པའི་ཁྲུ་གཉིས་ཀྱི་འོག་ན་རྗེའུ་རིགས་ཀྱི་རུས་པའི་དུམ་ 53-262a བུའོ། །དེ་མ་ཕྱུང་ན་ཕྱི་དང་ནང་དུ་ཚ་གདུང་དང་དོན་ཉམས་པར་འགྱུར་རོ། །ཏ་དང་པོ་དང་ཕྱི་མར་བརྗོད་ན་སྲིན་པའི་ཕྱོགས་ན་དམངས་རིགས་ཀྱི་རུས་པའི་དུམ་བུ་མཐོ་གཉིས་ཀྱི་འོག་ནའོ། །དེ་གལ་ཏེ་མ་ཕྱུང་ན་དེའི་ཚེ་ནད་སྣ་ཚོགས་ཀྱིས་གཟིར་བ་དང་མེའི་འཇིགས་པ་དང་ཁྱིམ་གྱི་བདག་པོ་འཆིའོ། །ཙ་དང་པོར་བརྗོད་ན་ཆུའི་ཕྱོགས་སུ་བྲམ་ཟེའི་རུས་པའི་ཟུག་རྔུ་རྐང་པས་ལྷག་པའི་ཁྲུ་གཉིས་ཀྱི་འོག་ནའོ། །དེ་མ་ཕྱུང་ན་ཁྱིམ་མེས་འཇིག་པར་འགྱུར་རོ། །ས་དང་པོ་དང་ཕྱི་མར་ཡོད་ན་རླུང་གི་ཕྱོགས་སུ་སའི་དག་པོའི་རྒྱུད་ཀྱི་རུས་པའི་ཟུག་རྔུ་འབྱུང་སྟེ་ཕྱེད་དང་བཅས་པའི་མཐོ་གཉིས་ཀྱི་འོག་ནས་སོ། །དེ་མ་ཕྱུང་ན་མཛའ་བ་ཡུན་ཐུང་བ་ཉིད་དང་མྱ་ངན་དུ་འགྱུར་རོ། །ཧ་དང་པོར་བརྗོད་ན་བྱང་གི་ཕྱོགས་སུ་རྐང་པ་གསུམ་གྱིས་ལྷག་པའི་ཁྲུ་གཉིས་ཀྱི་འོག་ན་རྗེའུ་རིགས་ཀྱི་སྐྱེ་བོའི་རུས་པའི་ཟུག་རྔུ་སྟེ་འདིས་ནི་སྐྱེས་པ་དང་བུད་མེད་རྣམས་ཚེ་ཐུང་བ་ཉིད་དུ་འགྱུར་རོ། །བ་ཡིག་དང་པོ་དང་ཕྱི་མར་ཡོད་ན་དབང་ལྡན་དུ་མཐོ་གསུམ་ན་དམངས་རིགས་ཀྱི་རུས་པའོ། །ཡང་ན་བྱི་ལའི་རུས་པ་དང་ལྕགས་དང་སོལ་བ་ཡོད་དོ། །དེ་མ་ཕྱུང་བར་བཞག་ན་རྒྱུད་ཀྱི་ནོར་ཉམས་པར་གྱུར་རོ། །ཛ་དང་པོ་དང་ཕྱི་མར་བརྗོད་ན་དེའི་དབུས་ན་བྲམ་ཟེའི་རུས་པའི་ཟུག་རྔུ་སྟེ་དེ་མ་ཕྱུང་ན་རྒྱལ་པོའི་ཆད་པས་གཟིར་བ་དང་ནོར་ཟད་པའི་སྐྱོན་བྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་དུ་ཉེས་པ་དུ་མ་འབྱུང་བའི་ཕྱིར་ཟུག་རྔུ་རྣམས་དབྱུང་བར་བྱའོ། །དེ་ནས་གཞོན་ནུ་མ་མཆོད་དེ་མདུན་དུ་ཡུངས་ཀར་དཀར་པོ་དང་ནིམ་པའི་ལོ་མ་ལ་སོགས་པ་གཡས་པའི་ཁུ་ཚུར་གྱིས་གཡས་སུ་བསྐོར་ཞིང་གཡོན་པའི་ཁུ་ཚུར་གྱིས་གཡོན་དུ་བསྐོར་ནས་མེ་ལ་ལན་གསུམ་དུ་དོར་བར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། དེ་ནས་ཨརྐའི་རས་བལ་གྱིས་མར་མེའི་སྡོང་བུ་བྱས་ཏེ། ཏིལ་ནག་པོའི་སྣུམ་གྱིས་མར་མེ་སྦར་ཏེ་ཟུག་རྔུ་བརྟག་པར་བྱའོ། །དེ་ལ་ཕྱོགས་གང་དུ་མར་མེའི་རྩེ་མོ་རྒྱུག་པ་དེར་ངེས་པར་ཟུག་རྔུ་ཡོད་དོ་ཞེས་རྟོགས་པར་བྱའོ། །གང་དུ་མར་མེ་རྡུལ་གྱིས་བསྐོར་བ་དེར་ཟུག་རྔུར་འགྱུར་རོ། །དེ་ནས་གཏོར་མ་དང་མཆོད་ 53-262b པ་ལ་སོགས་པ་བྱས་ནས་མེ་ཏོག་དང་བཅས་པའི་འབྲས་ཡོས་ས་ལ་གཏོར་བར་བྱའོ།། །། ༄། །ཤིང་གི་ཆོ་ག། ༆ ཤིང་གི་ལས་ཞེས་གསུངས་པ་དེ་བརྗོད་པར་བྱའོ། །ནགས་ཀྱི་འཁྲུལ་འཁོར་དེ་འདྲེན་པ། །མཁས་པས་ཡང་དག་བླངས་ནས་ནི། །ཤིང་གི་མགོ་བོར་ལེགས་བཞག་སྟེ། །བདུད་རྩིའི་མེ་ལ་སྦྱིན་སྲེག་བྱ། །དེ་ལ་ཚེས་དང་གཟའ་དང་རྒྱུ་སྐར་བཟང་པོ་ལ་མཆོད་རྟེན་བཞེངས་པ་དང་གཙུག་ལག་ཁང་ལ་སོགས་པའི་མཆོད་སྡོང་དང་། སྒོ་དང་། ཀ་བ་ལ་སོགས་པ་ཤིང་གི་རྩེ་མོའི་མཐར་ཐུག་པ་རྣམས་ཀྱི་ཆུ་དང་ཞེང་དག་ཕྱ་མཁན་དང་ཐིག་སྐུད་འཛིན་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་བརྟགས་ཏེ། ཤིང་བཟོ་བའི་འཁོར་རྣམས་ཚོགས་པ་དང་མཆོད་སྦྱིན་བྱེད་པའི་སློབ་དཔོན་དག་དང་ལྷན་ཅིག་ནགས་སུ་འཁྲུལ་འཁོར་གྱིས་འགྲོ་བར་བྱའོ། །ནགས་ཚལ་དང་ཉེ་བར་སླེབས་པའི་དུས་སུ་བདག་ཉིད་ལས་ཐམས་ཅད་པའི་གཟུགས་སུ་བརྟགས་ཤིང་བསམས་ཏེ། རྐང་པ་གཡས་མདུན་དུ་བྱས་ནས་ཤར་དང་བྱང་གི་ཕྱོགས་སུ་གདོང་ཕྱོགས་པའི་སློབ་དཔོན་ནགས་ཚལ་གྱི་ཕྱོགས་སུ་རབ་ཏུ་ཞུགས་ཏེ། ལོ་ཉིས་བརྒྱ་མ་ལོན་པའི་ཤིང་རྣམས་ནི་ཉེ་བར་མི་བླང་ངོ་། །དེ་ལ་ཤིང་རྣམས་ནི་དྭི་ཀེ་ཤ་ར་དང་། མཱ་ལུ་ར་དང་། ཏིཏྟ་སཱ་ར་དང་། ལྷའི་ཤིང་དང་། སིང་ལྡིང་དང་། གམྦཱ་རི་དང་། སྦྲང་རྩི་ཅན་དང་། མྱ་ངན་མེད་དང་། བ་ཀུ་ལ་དང་། རྣམ་པར་རྒྱལ་བྱེད་དང་། སའི་ཙནྡན་དང་། ཙམྤ་ཀ་དང་། ཙནྡན་དང་། ཀིངྴུ་ཀ་དང་། པ་ལཱ་ཤ་དང་། པིཙྪི་ལ་དང་། ཙ་ལ་ད་ལ་དང་། ཤ་ར་སཱ་ལ་དང་། ཏཱ་ལ་དང་། གྲནྠི་ལ་དང་། ཨརྫུ་ན་དང་། ཛམྦུ་དང་། བྷཎྜི་ལ་དང་། རོ་ཧི་ཎཱི་ལ་སོགས་པ་ཤིང་བཟང་པོ་དུ་མ་གང་དང་གང་དུ་སྐྱེས་པའི་ཤིང་དེ་དག་ལེགས་པར་བརྟགས་ཏེ། མཚན་མོའི་དུས་སུ་ལས་ཐམས་ཅད་པའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་སྤྲོ་བ་དང་ལྡན་པས་ཤིང་བཟོ་བ་གྲོགས་དང་བཅས་པ་ལེགས་པར་བསྲུང་བ་བྱས་ཏེ། ཉེར་སྤྱོད་ལྔས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྱོགས་ཀྱི་བདག་པོ་དང་། ནགས་ཀྱི་ཤིང་ 53-263a གི་ལྷ་ལ་སོགས་པ་རྣམས་ཡང་དག་པར་མཆོད་དེ། ཕྱོགས་ཀྱི་གཏོར་མ་ཡང་བྱིན་ནས་ཤིང་བཟོ་བ་གྲོགས་དང་བཅས་པ་བཟའ་བ་དང་། བཅའ་བ་དང་། ཟས་དང་། སྐོམ་དང་། ཏཱམྦཱུ་ལ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མགུ་བར་བྱས་ནས། འདོད་པའི་ལྷ་ལ་བཅོམ་ལྡན་ཆེ་གེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་པས་ཐུགས་མཉེས་ཏེ། ཤིང་བཟོ་བ་གྲོགས་དང་བཅས་པ་དང་ལྷན་ཅིག་འདོད་པའི་ལྷའི་རྣལ་འབྱོར་དང་ཞི་བའི་ཡིད་ཀྱིས་ཉལ་བར་བྱའོ། །དེ་ལ་རྨི་ལམ་བཟང་པོ་ངེས་པར་མཐོང་ན་ལེགས་པར་གྲུབ་པར་འགྱུར་རོ། །རྨི་ལམ་ངན་པ་ཐམས་ཅད་ཞི་བའི་སྔགས་བཟླ་བར་བྱའོ། །དེ་ནས་སྔ་བར་མཆོད་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་སློབ་དཔོན་རྣམ་པར་སྣང་མཛད་ཆེན་པོའི་རྣལ་འབྱོར་དང་ལྡན་པས་དེར་གནས་པའི་ཤིང་གི་ལྷ་མོའི་གཟུགས་ཀྱི་ཤིང་གི་རྒྱལ་པོ་ཡང་དག་པར་མཆོད་པར་བྱའོ། །དེ་ལ་ཤིང་གི་ལྷ་མོ་དེ་རྣམས་དང་ཞིང་སྐྱོང་དེ་རྣམས་ཀྱང་འདི་ཡིན་ཏེ། ལྷའི་ཤིང་དང་། དྭི་ཀེ་ཤ་ར་དང་། ཙམྤ་ཀ་དང་། མྱ་ངན་མེད་པའི་ཤིང་རྣམས་ལ་ཤིང་གི་ལྷ་མོ་གསང་བ་མའོ། །ཞིང་སྐྱོང་སྟོབས་པོ་ཆེའོ། །ནེ་མཱི་དང་། ཤཱ་ལ་དང་། ཤ་ར་ལའི་ཤིང་རྣམས་ཀྱི་ནི་འཇིག་རྟེན་གྱི་མའོ། །ཞིང་སྐྱོང་རི་བོ་ཆེན་པོའོ། །ཨ་རུ་རའི་ཤིང་དང་། བ་ཊ་དང་། ར་ཤིང་རྣམས་ཀྱི་ནི་རྣ་བ་ཉེད་མའོ། །ཞིང་སྐྱོང་ཤིན་ཏུ་སྟོབས་སོ། །ཙུ་ཏའི་ཤིང་ལ་ནི་ཨམྦི་ཀཱའོ། །ཞིང་སྐྱོང་སྟོབས་ཅན་ནོ། །ཏ་ལའི་ཤིང་ལ་བདེ་བྱེད་མའོ། །ཞིང་སྐྱོང་སྐྲ་གྱེན་བརྫེས་སོ། །ཀནྡ་པའི་ཤིང་ལ་བཞིན་བཟང་མའོ། །ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །ཀ་རཉྫ་ལ་ནི་ཀ་རཉྫར་གནས་མའོ། །ཞིང་སྐྱོང་གཏུམ་པའི་དྲིལ་བུའོ། །སྦྲང་རྩིའི་ཤིང་ལ་དབང་བསྐུར་མའོ། །ཞིང་སྐྱོང་སྐྱེས་པའི་དབང་ཕྱུག་གོ། །གསེར་ཤིང་ལ་གཏུམ་མོའོ། །ཞིང་སྐྱོང་སུ་ཛ་ནེ་ཏཱའོ། །ཤྲཱི་གོ་རའི་ཤིང་ལ་དཔལ་ཆེན་མོའོ། །ཞིང་སྐྱོང་མེའི་ཁའོ། །དེ་ནས་ལས་དང་རྗེས་སུ་མཐུན་པར་ཤིང་གི་ལྷ་མོ་རྣམས་དང་ཞིང་སྐྱོང་རྣམས་ཀྱི་ཡང་རྣམ་པ་བསྒོམས་ནས་རང་ 53-263b རང་གི་སྔགས་ཀྱིས་མཆོད་པར་བྱའོ། །དེ་ལ། ཨོཾ་ན་མཿསྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཨེཾ་གུ་ཧྱ་ཀཱ་ཡི་ན་མཿསྭཱ་ཧཱ། དེ་བཞིན་དུ་ཨོཾ་མཾ་མ་ཧཱ་མེ་ར་ཝེ་ན་མཿསྭཱ་ཧཱ། ཨོཾ་ལཱཾ་ལོ་ཀ་མཱ་ཏྲི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨཿཨ་ཏི་བ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཀཱཾ་ཀརྞྞ་མོ་ཊི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་བཿབ་ལཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཨཾ་ཨཾ་བི་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཨཱུཾ་ཨཱུརྡྷ་ཀེ་ཤཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཤཾ་ཤཾ་ཀ་རི་ཀཱ་ཡེེ་ན་མཿསྭཱ་ཧཱ། ཨོཾ་གྷཾ་མ་ཧཱ་གྷཎྜཱ་ཡ་ན་མཿསྭཱ་ཧཱ། ཨོཾ་སུཾ་སུ་མུ་ཁཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་ཙཾ་ཙཎྜ་གྷཎྜཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཀཾ་ཀ་རཾ་ཛ་བཱ་སི་ནྱཻ་ན་མཿསྭཱ་ཧཱ། ཨོཾ་པུཾ་པུཾ་སེ་ཤྭ་རཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ཤཾ་ཤེ་ཀཱ་ཡཻ་ན་མཿསྭཱ་ཧཱ། ཨོཾ་སུཾ་སུ་ཛ་ནེ་ཏེ་ན་མཿསྭཱ་ཧཱ། ཨོཾ་ཙཾ་ཙཎྜཱ་ལྱཻ་ན་མཿསྭཱ་ཧཱ། ཨོཾ་བཾ་བཧྣི་མུ་ཁཱ་ཡ་ན་མཿསྭཱ་ཧཱ། ཨོཾ་ལཱཾ་མ་ཧཱ་ལ་ཀྵྨྱཻ་ན་མཿསྭཱ་ཧཱ། གཙུག་ལག་ཁང་གི་རྒྱུ་ཡི་ཕྱིར། །བདག་ནི་ལྗོན་ཤིང་གཅད་པར་འདོད། །ད་ནི་ཁྱེད་རྣམས་ཤིང་གཞན་ལ། །གནས་ཏེ་བདག་ལ་བཟོད་པར་མཛོད། །ཅེས་བྱ་བའི་ཚིགས་བཅད་ལན་གསུམ་དུ་བརྗོད་དེ། ཤིང་ལ་གནས་པའི་ལྷ་ལ་གསོལ་ཏེ། དེ་ནས་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་དེ། ཤིང་གཞན་ལ་གནས་པར་བསམ་པར་བྱའོ། །དེ་ནས་བསྲུང་བའི་ཆེད་དུ་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་གཟུགས་ཅན་གྱི་ཤིང་བཟོ་བ་གསེར་དང་རས་དང་ཏཱམྦཱུ་ལ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མགུ་བར་བྱས་ཏེ། དགྲ་སྟ་སྦྲང་རྩིས་བྱུགས་ཏེ་དགེ་བའི་སེམས་ཀྱིས་ཤིང་བཟོ་བ་ལག་པ་གཡས་པ་གྱེན་དུ་ཕྱོགས་པ་དང་། ཁ་བྱང་ཤར་དུ་བལྟས་ཏེ་ཉི་མ་ལ་བལྟས་ནས་ཤིང་གཅད་པར་བྱའོ། །དེར་ཡང་དགེ་བ་དང་མི་དགེ་བའི་མཚན་མ་བལྟ་བར་བྱ་སྟེ་མི་དགེ་བའི་མཚན་མ་བྱུང་ན་སྤང་བར་བྱ་ཞིང་། དགེ་བའི་མཚན་མ་བྱུང་ན་གཟུང་བར་བྱའོ། །གལ་ཏེ་ཤིང་བྱང་ཕྱོགས་སུ་ལྷུང་བར་གྱུར་ན་དེའི་ཚེ་མཆོད་སྦྱིན་བྱེད་པ་ལ་ནོར་དང་ལས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་ལྷུང་ན་རིག་པ་དང་ཡེ་ཤེས་ཀུན་དུ་འགྲོ་བར་འགྱུར་རོ། །གལ་ཏེ་དབང་པོའི་ཕྱོགས་སུ་ཤིང་ལྷུང་ན་དེའི་ཚེ་ 53-264a དཔལ་དང་འབྱོར་པ་དང་རྒྱས་པར་འགྱུར་རོ། །གལ་ཏེ་ཤིང་གཞན་རྣམ་པར་ཉིད་པའི་བར་དུ་ལྷུང་བར་གྱུར་པ་དེའི་ཚེ་དགེ་བ་དང་བདེ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ཤིང་གཞན་མ་བཅོམ་པར་ལྷུང་ན་མཆོད་སྦྱིན་བྱེད་པ་ལ་འཇིགས་པ་ཆེན་པོར་འགྱུར་རོ། །མེ་དང་བདེན་བྲལ་དང་གཤིན་རྗེ་དང་ཆུ་དང་རླུང་གི་ཕྱོགས་རྣམས་སུ་ལྷུང་ན་གྲངས་བཞིན་དུ་མེའི་འཇིགས་པ་དང་ནད་དང་འཆི་བ་དང་ཆུ་དང་རླུང་གི་འཇིགས་པ་འབྱུང་བར་འགྱུར་རོ། །བསྐྱོད་པ་ན་སྒྲ་མི་གསལ་བ་རིང་དུ་གྲག་ཅིང་ལྷུང་ན་མཆོད་སྦྱིན་བྱེད་པ་པོ་ལ་སྡུག་བསྔལ་གྱི་མཚན་མར་འགྱུར་རོ། །གཅོད་པའི་དུས་སུ་གལ་ཏེ་རྔ་མོ་དང་རྟ་དང་ཅེ་སྤྱང་དང་བོང་བུ་དང་སྦྲུལ་དང་ཕག་དང་བྱ་རོག་ལ་སོགས་པ་གདུག་པའི་འདབ་ཆགས་མཐོང་བར་གྱུར་ན་དེའི་ཚེ་ངེས་པར་གསད་པ་དང་བཅིང་བ་དང་བགེགས་དུ་མ་འབྱུང་བར་འགྱུར་རོ། །གལ་ཏེ་ཤིང་ལས་ཁྲག་འཛག་ན་དེའི་ཚེ་མཆོད་སྦྱིན་བྱེད་པ་འཆི་བར་འགྱུར་རོ། །ཞོ་དང་མར་དང་སྦྲང་རྩི་དང་འོ་མ་འཛག་ན་གསད་པ་དང་བཅིང་བ་ལ་སོགས་པའི་འཇིགས་པ་འབྱུང་བར་འགྱུར་རོ། །འོན་ཀྱང་ཤིང་རྣམས་ལ་རང་བཞིན་པའི་མངར་བ་དང་ཚ་བ་དང་ཁ་བ་དང་བསྐ་བའི་བཅུད་འབྱུང་བ་དེ་ལ་ནི་ཉེས་པ་མེད་དོ། །སྦལ་པ་ལེ་བརྒན་གྱི་མདོག་ཅན་བྱུང་ན་དེས་ནི་ནད་འབྱུང་བ་རྗེས་སུ་དཔག་པར་བྱའོ། །དེ་བཞིན་དུ་ཤིང་གི་ཁོང་ནས་བྱི་བ་མདོག་སེར་སྐྱ་བྱུང་ན་དེས་ཆོམ་རྐུན་གྱི་འཇིགས་པ་དང་སྭཱ་ཤའི་ནད་འབྱུང་བར་རྗེས་སུ་དཔག་པར་བྱའོ། །ཤིང་གི་བར་ནས་རྩངས་པ་མདོག་སེར་པོ་བྱུང་ན་དེས་ནི་ནོར་ཉམས་པར་རྗེས་སུ་དཔག་པར་བྱའོ། །དེའི་ཁོང་ནས་ཁྱིམ་གྱི་རྩངས་པ་ཕུག་རོན་གྱི་མདོག་ཅན་བྱུང་ན་དེས་མཆོད་སྦྱིན་བྱེད་པ་དབུལ་པོར་འགྱུར་བར་རྗེས་སུ་དཔག་པར་བྱའོ། །ཁ་དོག་དམར་པོའི་ན་ཀཱུ་ཀ་ལཱ་ཤ་བྱུང་ན་དེས་ནི་ནད་འབྱུང་བར་རྗེས་སུ་དཔག་པར་བྱའོ། །ཁོང་ནས་སྦྲུལ་སྔོ་བསངས་བྱུང་ན་དེས་ཀྱང་ནོར་ཟད་པ་ཉིད་དོ། །ཁ་ཏྲཱུའི་མདོག་ཅན་གྱི་ཆུ་བྱུང་ན་དེས་ནི་ཆུའི་འཇིགས་པ་ཉིད་རྗེས་སུ་དཔག་པར་བྱའོ། །གདུགས་དང་། རྒྱལ་མཚན་དང་། གཡུང་དྲུང་དང་། 53-264b དཔལ་བེའུ་དང་། བུམ་པ་དང་། རྔ་ཡབ་དང་། འཁོར་ལོ་དང་། པདྨ་དང་། དགའ་བ་འཁྱིལ་པ་དང་། སྡོང་རིས་དང་ཀུ་ཤ་རྣམས་ནི་མཚན་མ་བཟང་པོ་སྟེ་དེ་ལྟ་བུ་ལ་སོགས་པ་དགེ་བ་དང་མི་དགེ་བའི་མཚན་མ་རྣམས་ཡོངས་སུ་ཤེས་པར་བྱས་ནས་ཤིང་གཅད་པར་བྱའོ། །དེ་ནས་ཤིང་དེ་དག་ཡང་དག་པར་རྣམ་པར་ཕྱེ་ནས་རྩ་བ་དང་སྐེད་པ་དང་རྩེ་མོའི་མཚམས་རྣམས་ཕྱེ་སྟེ་ཆ་གཅིག་གིས་ལྷག་པའི་ཆ་བཅུའི་ཚད་དུ་བྱ་སྟེ། ཤིང་རྣམས་ཇི་ལྟ་བར་ནགས་ཀྱི་འཁྲུལ་འཁོར་ཡང་དེ་བཞིན་ཏེ་མཆོད་རྟེན་དང་བིམྦ་ལ་སོགས་པའི་ཕྱིར་དུ་ནགས་ཀྱི་འཁྲུལ་འཁོར་དེ་རྣམས་ཀྱིས་དྲང་བར་བྱའོ།། །། ༄། །རྡོ་བའི་ཆོ་ག། ༆ རྡོ་བ་ཡང་ཤིས་པ་རྣམས་གཟུང་བར་བྱ་ཞིང་མི་ཤིས་པ་རྣམས་སྤང་བར་བྱའོ། །དེ་ལ་རིའི་ལྗོངས་དང་ངམ་གྲོག་དང་ཆུ་འགྲམ་ལ་སོགས་པར་གནས་པའི་རྡོ་བ་མཁྲེགས་པ་དང་སྲ་བ་དང་དྲི་ཞིམ་པ་དང་ཤིན་ཏུ་རེག་ན་མཉེན་པ་དང་དྲི་ང་བ་མེད་ཅིང་འཇམ་པ་དང་སྣུམ་པས་ནི་ཚེ་དང་ལྡན་ནོ། །འདི་ལ་ཤིས་པ་གཉིས་ཏེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དག་དང་། རྡོ་བ་ནག་པོ་ལ་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་དང་ལྡན་པ་དེའི་ཚེ་བློན་དང་ལྡན་པ་དང་། བཟའ་མིའི་རྒྱུད་དང་རིགས་དང་རྒྱལ་སྲིད་དང་ནོར་དང་འབངས་རྣམས་ལ་ཤིས་སོ། །སྟེང་དང་བྱང་དང་དབང་ལྡན་དང་ཤར་གྱི་ཕྱོགས་སུ་གདོང་ཕྱོགས་པས་ནི་གྲངས་བཞིན་དུ་མཁའ་སྤྱོད་ཀྱི་དངོས་གྲུབ་དང་སྐྱེ་བོ་དང་ནོར་དང་རིགས་རྒྱུད་འཕེལ་ལོ། །ཐར་པ་དང་མངོན་པར་འདོད་པའི་དངོས་གྲུབ་སྦྱིན་པའི་རྡོ་བ་རྣམས་གཟུང་བར་བྱའོ། །ཤིན་ཏུ་འཇམ་པའི་གཟོང་གིས་བསྣུན་པ་ན་བྱེ་མ་དང་བཅས་པ་དང་། རྩུབ་པ་དང་བྲལ་བ་དང་གོག་སྒྲ་ཅན་གྱི་རྡོ་བ་རྒན་པོ་འདི་དག་ཡོངས་སུ་སྤང་ངོ་། །དེ་ལྟར་ཤིས་པ་དང་མི་ཤིས་པའི་རྡོ་བ་རྣམས་ཤེས་པར་བྱས་ནས་ཤིས་པའི་རྡོ་བ་རྣམས་བ་ཡི་རྣམ་ལྔས་བྱུགས་ཏེ་དྲི་བཟང་པོའི་ཆུས་ཁྲུས་བྱས་ནས་དྲི་ལ་སོགས་པ་རྣམས་ཀྱིས་རྒྱས་པའི་སེམས་ཀྱིས་མངོན་པར་མཆོད་དེ་ཤིང་གི་སྐབས་སུ་བཤད་པའི་ལས་རྣམས་ཐམས་ཅད་འདིར་ཡང་བྱའོ། །དེ་ནས་གྲོང་ཁྱེར་དུ་འཇུག་པའི་ 53-265a དུས་སུ་ཤིང་རྣམས་དང་། རྡོ་བ་རྣམས་རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་རྒྱས་པའི་སེམས་ཀྱིས་དྲང་བར་བྱ་ཞིང་སྔ་མ་བཞིན་དུ་མར་མེ་དང་སིལ་སྙན་སྣ་ཚོགས་ཀྱི་སྒྲ་དང་ཅ་ཅོ་དང་བཅས་ཏེ་ཤིན་ཏུ་གུས་པ་དང་བཅས་པས་ཞུགས་ཏེ། རྒྱ་ཆེ་ཞིང་མཉམ་པའི་སར་བཀོད་དེ་པདྨའི་དབུས་སུ་གཞག་པར་བྱའོ། །གཙུག་ལག་ཁང་སོགས་བཞེངས་པ་ལ་ཉེ་བར་མཁོ་བའི་ས་བརྟག་པ་དང་ཤིང་དང་རྡོ་བའི་ཆོ་ག་འདི་སྔགས་ཀྱི་གཞུང་ལུགས་ཆེ་བ་ཞིག་གིས་དུམ་བུར་མངོན་ནོ། །འདིའི་རྒྱ་དཔེ་གཉལ་གྱི་ཕྱོགས་ནས་རྙེད་དེ་ལྷ་དང་བཅས་པའི་སྐྱེ་དགུ་མཐའ་དག་གི་གཙུག་གི་ནོར་བུས་ཞབས་རྟེན་གྱི་པདྨ་ལ་ཕྱག་བྱས་པའི་འདྲེན་པ་དམ་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་བསྒྱུར་ཅིག་ཅེས་གསུང་བ་བཞིན་དུ་ཞ་ལུ་ལོ་ཙཱ་བས་དཔལ་སྣེའུ་གདོང་རྩེར་བསྒྱུར་བའོ།། །།

53-265a 財鬘儀軌十作法 ༄། །མདོར་བསྟན་པ། ༄༅༅། །རྒྱ་གར་སྐད་དུ། ཧི་ར་ཎྱ་མཱ་ལཱ་ནཱ་མ་ད་ཤ་ཀྲྀ་ཡཱ་བི་དྷིཿ། བོད་སྐད་དུ། དབྱིག་གི་ཕྲེང་བ་ཞེས་བྱ་བ་ཆོ་གའི་བྱ་བ་བཅུ་པ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ལྡན་ས་བཅུའི་ཕ་རོལ་དྲི་མེད་ཡེ་ཤེས་དོན་གྱི་བྱ་བ་དབང་བྱེད་ཅིང་། །དེ་ཁོ་ན་ཉིད་རྣམ་པའི་གཟུངས་མཆོག་ཡོན་ཏན་ཚོགས་ཀྱི་རིམ་པས་བྱང་ཆུབ་ཡང་དག་ཐོབ། །རྣམ་པ་ཀུན་གྱི་མཆོག་ནི་རབ་སྦྱིན་དམ་པའི་མཚན་ཉིད་བཞི་ཡིས་བརྒྱན་པར་གྱུར་པ་ཡི། །མ་ལུས་ཆོས་དང་ནོར་དང་ཐར་དང་དཔལ་གྱི་ཆེད་དུ་རྡོ་རྗེ་འཛིན་པས་ཁྱེད་ལ་སྲུངས། །རྩོད་པའི་དུས་ཀྱི་སྐྱེ་བོ་འདི་དག་ཕལ་ཆེར་ཚེ་ཐུང་སྲེད་པའི་སེམས་ལྡན་རྣམ་དཔྱོད་དང་། །འབྱོར་བྲལ་དད་དང་བཟོད་པ་ཤེས་རབ་བསོད་ནམས་སྟོབས་དང་བྲལ་ཕྱིར་བརྩེ་བ་བྱ་བར་འོས། །དེ་དག་དུས་ཀུན་རྒྱུ་དང་འབྲས་བུ་མང་པོ་ཉིད་ཀྱིས་བྱ་བ་གཞན་ལ་རབ་འཇུག་པས། །ཐམས་ཅད་མཁྱེན་པས་རས་རིས་ལ་སོགས་གཟུགས་བརྙན་བྱ་བའི་ཐབས་ནི་རྣམ་བཅུ་རབ་གསུངས་ཉིད། །བྱ་བའི་ཆོ་ག་བཅུ་ཡིས་དམན་པའི་རབ་གནས་ནི། །ཀུ་ཤའི་འབྲས་བུ་བཞིན་དུ་གྲུབ་པའི་བདག་མི་འགྱུར། །དེ་ཕྱིར་ཀུན་ལས་དྲངས་ཏེ་ 53-265b མདོ་རུ་བསྡུས་པ་ནི། །བསོད་ནམས་འཕེལ་བའི་རྒྱུ་རུ་རྣམ་པར་བྲི་བར་བྱ། །དེ་ལ་དང་པོར་སྐྱེ་གནས་སྦྱང་། །དེ་ནས་མཚམས་མཐའ་ཉེ་བར་སྦྱར། །སྐྱེ་དང་མིང་དང་ཉེ་བར་དྲི། །གཙུག་ཕུད་བྱ་བ་ཉིད་དང་ཡང་། །བརྟུལ་ཞུགས་བརྟན་དང་ཀུན་ཏུ་སྤྱོད། །ལག་པ་འཛིན་དང་མེ་ཡི་ལས། །དེ་ལྟར་མདོར་བསྟན་ཆོ་ག་བཅུ། ། ༄། །རྒྱས་པར་བཤད་པ། ༈ དང་པོ། སྐྱེ་གནས་སྦྱང་བའི་བྱ་བ། ༆ རྒྱས་པར་བཤད་པའང་འདི་ལྟ་སྟེ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དམངས་རིགས་སྐྱེ་དགུ་ཡི། །བུ་མོ་དཀར་དང་སེར་དང་དམར་ནག་མདངས་ལྡན་མ། །དེ་དག་རྣམས་ཀྱིས་ཚུལ་བཞིན་བཀལ་བའི་སྲད་བུ་བཟང་། །ཞི་དང་རྒྱས་དང་དབང་དང་མངོན་པར་སྤྱོད་རྣམས་ལའོ། །ཡུཀྟྱཱ་སིདྡྷཾ་ཧསྟ་སཱུཪྻོཏྠ་མུཀྟཾ་སཾ་གྲཱདྦཱ་དྦཱི་ར་མུ་ལྱ་ཀྲ་ཡཱ་དྦཱ། ཨཱ་རཀྟཾ་བཱ་པུ་ཥྤ་བ་ཏྱཱ་ར་ཛོ་བྷི་རནྟཿ། ཤ་ཡྻཱ་ལབྡྷ་སཏྐརྤྤ་ཊཱ་དི། འཇུག་ངོགས་ཆུ་དང་འོ་མ་དྲི་ཆབ་སོགས་ལྡན་པའི། །ཆག་ཆག་གིས་ནི་བསམ་གཏན་ཁང་པ་ལེགས་སྦྱང་ཞིང་། །ལྷ་ཡི་བརྟུལ་ཞུགས་བྱ་བར་འདོད་པས་དེ་ཚེ་བརྒྱད་པ་ལ། །བས་མཐའི་གནས་མལ་ཐལ་བ་ཆང་དང་ཆུ་ཡིས་ཀྱང་། །སློབ་དཔོན་དཔལ་ལྡན་རྡོ་རྗེ་སེམས་དཔར་བསྒོམ་བྱས་ཏེ། །སངས་རྒྱས་དཀྱིལ་འཁོར་དང་ནི་རྒན་རབས་མཆོད་པར་བྱ། །བྱ་བ་ཀུན་ལ་འཇིག་རྟེན་སྐྱོང་སོགས་ལྷ་རྣམས་ནི། །དང་པོར་གཏོར་མ་ལ་སོགས་སྦྱིན་པས་ཀུན་ཚིམ་བྱ། །བཟའ་དང་བཏུང་བ་མཆོག་དང་གར་དང་གླུ་རྣམས་དང་། །ཐོག་མར་ཡོན་ལ་སོགས་པ་བྱིན་པས་མགུ་བ་ཡི། །བཟོ་བོ་ལས་ཀྱི་རྡོ་རྗེའི་རང་བཞིན་ཉིད་བསམས་ཏེ །ལག་པར་རྡོ་རྗེ་ཆུ་སྐྱེས་ཉི་ཟླས་མཚན་པ་དག །བྱིན་ནས་མྱུར་དུ་ལས་འགྲུབ་བྱ་ཕྱིར་རབ་ཏུ་འབད། །ལུས་ནི་དག་ཅིང་སྐམ་ལ་རུང་ཞིང་བརྟན་པ་ཡི། །གོས་ལ་སོགས་པའང་སྟོང་དང་སྙིང་རྗེའི་རང་བཞིན་ཏེ། །དེ་ལྟར་རང་བཞིན་མེད་པའི་ངོ་བོར་ཡང་དག་བསམ། །སྣ་ཚོགས་རིན་ཆེན་དྲི་དང་མེ་ཏོག་ཆུར་བསྲེས་པའི། །མཆོད་ཡོན་བྱིན་ནས་བཀྲ་ཤིས་བསྟོད་པའི་སྒྲ་དང་བཅས། །ཡེ་ཤེས་རྣམ་པ་ལྔ་ཡི་སྲད་བུས་ཇི་ལྟ་བཞིན། །འཁོར་ལོའི་ཚུལ་བཞིན་ཐིག་གདབ་པ་ནི་བསྒྲུབ་པར་བྱ། །རས་རིས་ཀྱིའོ། ། 53-266a གླེགས་བམ་ཆོས་ཀྱི་མཛོད་ནི་གྲོག་སོགས་ལའང་རུང་། །ཤེས་རབ་ཡེ་ཤེས་རྣམ་པ་དྷཱིཿསྐྱེས་བདུད་རྩི་དང་། །སྨྱུ་གུ་ཧཱུཾ་ལས་རྡོ་རྗེའི་རྩེ་མོ་རྣམ་དག་པས། །གསུང་གི་རྡོ་རྗེའི་བདག་ཉིད་ཡི་གེའི་ཕྲེང་སྤྲོ་བྱེད། །གླེགས་བམ་གྱིའོ། །ས་ཤིང་ལྕགས་ཀྱི་ཁམས་དང་རྡོ་བ་སི་ཐོ་ལ། །ཤེས་རབ་དག་པའི་ཟླ་བ་ཉ་འདྲ་སྙིང་གར་ཏེ། །གང་གང་ལྷ་ཡི་སྙིང་པོའི་སྔགས་དེ་སྔགས་པ་ཡིས། །ཁམས་ལ་དེ་ནི་ལན་བརྒྱད་དག་ཏུ་བཟླས་པར་བྱ། །མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པའིའོ། །དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་དེ། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །དངོས་པོ་དག་པར་བྱེད་པའོ། །མཁའ་ཁྱབ་རྫོགས་སངས་རྒྱས་ཀུན་དང་། །བྱང་ཆུབ་སེམས་དཔའ་ཀུན་འགྲོ་རྣམས། །འདིར་ནི་སངས་རྒྱས་གནས་མཛད་ལ། །ཡང་དག་ཉེ་བར་མཛད་པར་འོས། །ཉེ་བར་བྱེད་པའོ་ཞེས་པ་དང་པོ་སྐྱེ་གནས་སྦྱང་བའི་བྱ་བའོ།། །། ༈ གཉིས་པ། མཚམས་ཀྱི་མཐའ་ཉེ་བར་སྦྱོར་བའི་བྱ་བ། ༆ དེ་ནས་བར་སྣང་ཟླ་བ་ཉ་བའི་དཀྱིལ་འཁོར་ལ། །ཤིན་ཏུ་དམར་བའི་ཧོ་ཡིག་རྣམ་པར་སྤེལ་ཞིང་འབར། །སྐུ་གསུམ་ས་བོན་དང་མཉམ་ས་བོན་བཟང་པོ་ཅན། །དཀྱིལ་འཁོར་པ་ནི་བདག་པོར་བཅས་པས་རྣམ་པར་གཟིགས། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་དུ་ནི་བཞུགས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ནི་བཞུགས་སུ་གསོལ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འཇམ་པའི་རྡོ་རྗེ་སློབ་དཔོན་ཆེ། །ལྷར་ནི་བདག་གིས་བརྟག་པར་བགྱི། །སློབ་མ་རྣམས་ལ་བརྩེ་བ་དང་། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ས་བོན་གྱུར་པའི་ཡེ་ཤེས་ཆེ། །བྱིན་གྱིས་བརླབ་པར་མཛད་པར་འོས། །ཞེས་གསོལ་བ་བཏབ་ནས་སླར་ཡང་མཆོད་དེ་ལྷའི་ཐུགས་ཀའི་ཆུ་སྐྱེས་ཀྱི་ནང་གི་ཟླ་བ་གང་བ་ལ་གནས་པའི་རང་གི་ས་བོན་གྱི་འོད་ཟེར་རབ་ཏུ་འཕྲོས་པའི་ལྕགས་ཀྱུས་དགུག་པ་དང་གཞུག་པ་དང་བཅིང་བར་བྱ་སྟེ། ཨོཾ་བཛྲཱཾ་ཀུ་ཤ་བཱི་ཛ་མཎྜ་ལ་མཱ་ཀཪྵ་ཡ་ཛཿ། ཨོཾ་བཛྲ་པཱ་ཤ་བཱི་ཛ་མཎྜ་ལཾ་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཱི་ཛ་མཎྜ་ལཾ་བནྡྷ་ཡ་བཾ། ཨོཾ་བཛྲཱ་བེ་ཤ་བཱི་ཛ་མཎྜ་ལཾ་ཏོ་ཥ་ཡ་ཧོཿ། ཞེས་པ་ནི་དགུག་པ་ལ་སོགས་པའི་སྔགས་སོ། །བྱ་བ་ཀུན་ལ་ 53-266b ཏིང་འཛིན་གསུམ་བསྒོམས་ནས། །སྙིང་པོ་མངོན་པར་བཟླ་ཞིང་འདི་བསྒྲུབ་བྱ། །ཡི་གེ་བརྒྱ་པས་བསྐངས་ཤིང་བརྟན་བྱས་ཏེ། །ཕྱི་དང་གསང་བར་བཅས་པའི་མཆོད་གཏོར་སྦྱིན། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། མེ་ཏོག་གོ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ། བདུག་པའོ། །ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ། མར་མེའོ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ། དྲི་ཆབ་བོ། །ཨོཾ་ཨཱཿབཛྲ་ནཻ་བི་དྱེ་ཧཱུཾ། ཞལ་ཟས་སོ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཞེས་པ་ཡི་གེ་བརྒྱ་པའི་སྔགས་སོ། །དཔུང་བཟངས་ཀྱི་རྒྱུད་ལས་གསུངས་པའི་ཚིགས་བཅད་ཀྱི་གཏོར་མ་དང་། རང་གི་བརྟག་པའི་རྒྱུད་ལས་གསུངས་པའི་སྔགས་ཀྱི་ཕྲེང་བས་དཀྱིལ་འཁོར་པ་དང་བཅས་པའི་འཇིག་རྟེན་སྐྱོང་བ་ལ་སྦྱིན་ཏེ། འདིར་ནི་མངས་ཀྱིས་དོགས་པས་བདག་གིས་མ་བྲིས་སོ་ཞེས་པ་གཉིས་པ་མཚམས་ཀྱི་མཐའ་ཉེ་བར་སྦྱོར་བའི་བྱ་བའི་བྱ་བའོ།། །། ༈ གསུམ་པ། སྐྱེ་བའི་བྱ་བ། ༆ མཆོད་ཡོན་གྱི་སྣོད་མཆོག་ཤེལ་དང་ཨིནྡྲ་ནཱི་ལ་དང་རྡོ་རྗེ་ལྗང་གུ་དང་པུཥྤརྣ་ག་རྣམས་ཀྱིས་གང་བའི་གསེར་དང་ནོར་བུ་དང་ཟངས་དང་རྡོ་བ་ལ་སོགས་པ་དང་དུང་ཆོས་འབྲས་ཡོས་དང་མེ་ཏོག་ཀུ་སུམྦྷའི་འབྲས་བུ་དང་ཏིལ་དང་དྲི་དང་མེ་ཏོག་དང་འོ་མ་དང་ཆུ་རྣམས་ཀྱིས་ཡོངས་སུ་བཀང་བའོ། །ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུཾ། བསང་གཏོར་གྱི་དུང་ཆོས་བྱིན་གྱིས་བརླབ་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་དཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་གྱི་སྣོད་བྱིན་གྱིས་བརླབ་པའོ། །ཨོཾ་ཨཱཿཧཱུཾ། ཞབས་བསིལ་དང་ཞལ་གྱི་དུང་ཆོས་བྱིན་གྱིས་བརླབ་པའོ་ཞེས་པ་མཆོད་ཡོན་དང་ཉེ་བའི་བྱེད་པའོ། །དྭི་རཥྚ་མཱ་ཏྲཾ་ཀ་རུ་ཎོ་པ་མོ་ད་རཾ་དྭི་མཱ་ཏྲ་ལམྦོཥྛ་མུ་ཁཾ་ས་མཱ་ཡ་ཏཾ། ཏ་དརྡྷ་མཱ་ནཱ་ཡ་ཏ་མུཉྩ་ཀནྡྷ་རཾ་ཏྲི་བྷཱ་ག་བི་སྟ་ར་སུ་རཱུ་པ་ཀཎྛ་ཀཾ། ཁ་གདུགས་དཀར་པོ་ལྟར་མཛེས་པའི་བུམ་པ་བསྒྲུབ་པར་བྱ་སྟེ་ལས་ཐམས་ཅད་པ་ལའོ། །མ་ཚོས་པ་དང་ནག་ནོག་དང་གས་པ་ལ་སོགས་པ་སྤངས་པ། ལེགས་པར་སྦྱངས་ཤིང་དག་པའི་ལུས་ཅན་བདུག་པས་ལེགས་པར་བདུགས་པས། ཏྲི་ནེ་ཏྱ་ཙཱ་མཱི་ཀ་ར་ཙི་ཏྲ་ཙིཧྣི་ཏཾ། འཇུག་ 53-267a ངོགས་བཟང་པོའི་ཆུ་གཙང་མས་བཀང་བ་རྒྱལ་མཚན་དང་བ་དན་དང་གོས་དང་མེ་ཏོག་གིས་བརྒྱན་ཏེ། ཀུ་ཤ་སར་པ་འཁྱིལ་པར་བཅས་པའི་གདན་ལ་གཞག་གོ། །ཨ་ཤྭཏྠ་དང་ཙཱུ་ཏ་དང་བ་ཊ་དང་བརྐ་ཊི་དང་མཆོད་སྦྱིན་ཤིང་སྟེ་དེ་རྣམས་ཀྱི་ལྕུག་མ་ལྔ་དང་ཤིང་ཤུན་རྣམས་སོ། །བ་བྱུང་རྣམས་ནི་བ་ལང་གི་ལྕི་བ་དང་ཆུ་དང་འོ་མ་དང་ཞོ་དང་མར་རྣམས་སོ། །སིཾ་ཧཱི་དང་སཱ་ཧ་དང་བྲྀ་ཧ་ཏི་ཀཱ་དང་གི་རི་ཀརྞི་ཀཱ་རྣམས་དང་། གྲོ་དང་ཏིལ་དང་སྲན་མ་དང་ནས་རྣམས་དང་། མུ་ཏིག་དང་བྱི་རུ་དང་མུ་མེན་དང་གསེར་དང་དངུལ་ཏེ་ལྔ་དང་། ག་བུར་དང་གུར་གུམ་དང་ཙནྡན་དང་གླ་རྩི་དང་སིཧླ་རྣམས་དང་། སྲད་བུ་སེར་པོ་དང་ལྗང་གུ་དང་དམར་པོ་དང་ནག་པོ་རྣམས་སོ། །དབང་ལྡན་དང་ཟླ་བ་དང་ཆུ་ལྷ་དང་དབང་བོའི་བུ་རྣམས་ཀྱི་དཀར་པོའོ། །ཚངས་པ་དང་དབང་པོ་དང་ས་དང་ནོར་སྦྱིན་རྣམས་ཀྱི་མདོག་སེར་པོའོ། །ཉི་མ་དང་སྦྱིན་སྲེག་མཁན་གྱི་དམར་པོའོ། །རླུང་ལྷ་དང་ལྷ་མིན་དག་གི་ལྗང་གུ་དང་ནག་པོའོ། །ལྷ་མིན་དགྲ་དང་གཤིན་རྗེ་དག་གི་སྣ་ཚོགས་པའོ་ཞེས་པ་བུམ་པ་ལ་སོགས་པའི་ཡོ་བྱད་དོ། །ཞི་བའི་སྦྱིན་སྲེག་ལས་བཤད་པའི་ཆོ་གས་བདུད་རྣམས་སྦྱངས་ཏེ། བུམ་པ་དང་རྡུལ་ཚོན་གྱིས་བྲིས་པ་དང་སྐུ་གཟུགས་ལ་སོགས་པ་རྣམས་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པ་རྣམས་བྱས་ཏེ་ལྷག་པར་གནས་པའི་ཆོ་གས་སླར་ཡང་སྔགས་པས་མཆོད་དེ་བ་བྱུང་དང་དྲི་བཟངས་ཟངས་ཀྱི་སྣོད་དུ་སྦྱར་བ་དཱུར་བའི་མྱུ་གུ་ལས་བྱས་པའི་པིར་གྱིས་བྱུགས་ཏེ། སྐུ་གཟུགས་གསེར་ལས་བྱས་པ་ལ་སོགས་པ་ནི་ལེགས་པར་བཞག་ནས་དྲི་བཟངས་དང་ཏིལ་མར་གྱིས་སྦྱང་ངོ་། །རངྒཱརྐ་སྦྱར་བ་ལས་བྱས་པའི་སྣོད་དུ་ལེགས་པར་བཞག་པ་སཏྤཎྜི་བལྐ་ལ་བི་གེ་པ་ན་མངྒ་ཡཥྚེཿ དྲི་དང་། སྐྱུ་རུ་ར་དང་། དྲི་བཟང་པོའི་ཁྱད་པར་གྱི་ཕྱེ་མ་བུམ་པའི་ཆའི་ནང་དུ་བཅུག་པས་དྲི་མ་བསལ་ཏེ། རིན་པོ་ཆེའི་འོད་ཅན་འོད་ཀྱིས་རྣམ་པར་བཀྲ་བའི་མེ་ལོང་གི་ངོས་ལ་གླེགས་བམ་རྣམས་ཀྱི་གཟུགས་བརྙན་གྱི་གཟུགས་ལ་སྟེ། བཀྲ་ཤིས་བརྗོད་པའི་སྙན་པའི་གླུ་འདོན་ཞིང་རྣམ་རྒྱལ་བུམ་པ་ལ་སོགས་པ་རྣམས་ཀྱིས་རིམ་གྱིས་ཁྲུས་བྱས་ཏེ་ཁྲུས་ཀྱི་ཆོ་གའོ། །ལུས་རྫོགས་པའི་སྐུ་གཟུགས་ 53-267b ལ་སོགས་པ་རྣམས་ནི་བྱིས་པ་སྐྱེས་པའི་ཆོ་ག་ཇི་ལྟ་བ་བཞིན་ཁྲུས་ལ་སོགས་པས་ལུས་ཡང་དག་པར་སྦྱངས་ཏེ། ཡན་ལག་དགུ་ས་བོན་རྣམས་ཀྱིས་ཡོངས་སུ་སྦྱང་བར་བྱའོ། །དཔལ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་སྨིན་མཚམས་དང་མགྲིན་པ་དང་སྙིང་གར་ཉི་མའི་གཟུགས་དང་། མིག་དང་རྣ་བ་དང་སྣ་དང་ལྕེ་དང་སྐྲ་མཚམས་དང་ལྟེ་བའི་བར་དུ་ཟླ་བ་ཉ་བ་ལ་ཡན་ལག་དགུའི་ས་བོན་རྣམས་ནི་འདི་ལྟ་སྟེ། ཨོཾ་ཨཱཿཧཱུཾ། ཀྵིཾ། ཛྲཾ། ཁཾ། གཾ། ཀྵཾ། སཾ། མིག་གཡས་སུ་མ་ཡིག་ལས་བྱུང་བའི་ཉི་མ་དང་། མིག་གཡོན་དུ་ཊ་ཡིག་ལས་བྱུང་བའི་ཟླ་བ་ལེགས་པར་བསམས་ཏེ། གསེར་གྱི་ཐུར་མ་དང་མར་མེ་དང་མིག་སྨན་དང་མེ་ལོང་གི་ངོས་དང་རྡོ་རྫེའི་རྩེ་མོ་རྣམས་ཀྱིས་སོ། །མངར་གསུམ་གྱིས་བྱུགས་པའི་ཐུར་མས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་བདག་གིས་བསལ་བར་བགྱི། །ཨོཾ་ཙཀྵུཿ ཙཀྵུཿ ས་མནྟ་ཙཀྵུ་ཤྩཀྵུ་རྦི་ཤོ་དྷ་ནེ་སྭཱ་ཧཱ། མིག་སྨན་གྱིས་བྱུགས་པའི་ཐུར་མས། ཨོཾ་དི་བྱ་ཙཀྵུ་ཥེ་ཧཱུཾ་སྭཱ་ཧཱ། མེ་ལོང་གི་ངོས་ཀྱིས། ཨོཾ་དྷརྨ་ཙཀྵུ་ཥེ་ཧཱུཾ་སྭཱ་ཧཱ། སྒྲོན་མེས། ཨོཾ་པྲཛྙཱ་ཙཀྵུ་ཥེ་ཨཿསྭཱ་ཧཱ། རྡོ་རྗེའི་རྩེ་མོས། ཨོཾ་བུདྡྷ་ཙཀྵུ་ཥེ་ཧཱུཾ་སྭཱ་ཧཱ། ཞེས་པ་མིག་སྦྱིན་པའི་ཆོ་གའོ། །ཨ་ཤྭཏྠའི་འདབ་མར་བཅུག་པའི་སྦྲང་རྩི་མར་དང་ཀ་ར་དང་ལྡན་པ་འདི་ལ་མྱང་དུ་གཞུག་ཅིང་འོ་མའི་རྒྱུན་སྦྱིན་ཞིང་གོས་སེར་པོའི་སྟོད་གཡོགས་ལ་སོགས་པའོ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་མེ་བྷུ་བྲ་ས་ནེ་ཧཱུཾ་ཕཊ་ནིཿསྭཱ་ཧཱ། མངར་གསུམ་མྱང་བའི་སྔགས་སོ། །ཨོཾ་སརྦྦ་དེ་བ་ཏཱ་ཙིནྟྲཱ་མྲི་ཏ་དྷཱ་རེ་སྭཱ་ཧཱ། འོ་མ་མྱང་བའོ། །ཨོཾ་ཨཱཿས་མཱ་དྷྱངྒ་དྲྀ་ཌྷ་ཀ་བ་ཙཱ་བར་ཎི་ཧཱུཾ་སྭཱ་ཧཱ། སྟོད་གཡོགས་ཀྱིའོ། །ཨོཾ་ཨཱཿབཛྲ་བཱ་ས་སེ་ཧཱུཾ་སྭཱ་ཧཱ། རས་ཡུག་གུར་གུམ་ལ་སོགས་པས་བཀྲ་བར་བརྒྱན་པའི་འོ་ཞེས་པ་གསུམ་པ་སྐྱེ་བའི་བྱ་བའོ།། །། ༈ བཞི་པ། མིང་གི་བྱ་བ། ༆ རང་གི་སྙིང་གའི་ཟླ་བ་གང་བ་ལས་མིང་གི་ཕྲེང་བའི་འོད་ཟེར་གྱི་ཚོགས་རྣམས་ཕྱུང་སྟེ་སྤྲོས་པ་བདག་ཉིད་ཀྱི་ལག་པས་བཟུང་བའི་རྡོ་རྗེའི་རྩེ་ལ་བཀོད་ནས་སྐུ་གཟུགས་ཀྱི་སྤྱི་བོར་བཞག་སྟེ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་བཞི་པ་མིང་གི་བྱ་བའོ།། །། ༈ ལྔ་པ། ཉེ་བར་འདྲེན་པའི་བྱ་བ། ༆ ལྷའི་ཐུགས་ཀར་སྔགས་བཀོད་ཅིང་བཞག་ནས་སྔགས་པས་སྙིང་གར་ཐལ་མོ་སྦྱར་ 53-268a ཏེ་རྒྱལ་བའི་ཚོགས་ལ་གསོལ་བ་གདབ་པར་བྱའོ། །ཨོཾ་བདེ་བ་ཆེན་པོ་ཆགས་པ་ཆེ། །འགྲོ་བ་ཀུན་ལ་སྒྲུབ་མཛད་པ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་གི་ནི་འདོད་པ་མཆོག །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་ཤོག །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་རྗེས་སུ་དྲན་པས་ཀྱང་། །ཐུགས་བརྩེས་སེམས་ཅན་ཀུན་གྱི་དོན། །ཐམས་ཅད་གྲུབ་པར་མཛད་དུ་གསོལ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཛཿཧཱུཾ་བཾ་ཧོཿས་མ་ཡ་ཧོཿཞེས་པ་གསོལ་བའི་སྔགས་སོ། །རྣམ་བཀྲ་སྐུ་མངའ་ཐུབ་པའི་སྐྱེས་མཆོག་སྲས་དང་བཅས་རྣམས་ལ། །ཨ་མྲ་ཆུ་ཤིང་འབྲས་མངར་པརྐ་ཊི་དང་ཏིནྟ་ལཱི། །དཱ་ལ་ཏིནྡུ་ཀ་དང་ཧ་རུ་ཥ་དང་སོ་དག་བྱེད། །ནཱ་རངྒ་དང་ཏཱ་ལ་མངར་འཛམ་བཱི་ཛ་པཱུ་ར་བཟང་། །ཨ་མྲ་ཏ་ཀ་འབྲས་གསུམ་ཚེར་ལྡན་རྒུན་འབྲུ་ལ་སོགས་པ། །ཆུ་དང་སྐར་མ་ཉི་མ་ས་དང་ལོ་འདབ་ཚོགས་པ་ལས། །དུས་དང་རྗེས་མཐུན་འབྲས་བུ་ཆོ་ག་བཞིན་དུ་ནམ་བསྐྱེད་པའི། །འབྲས་བུ་མཆོག་གི་བཟའ་བཅའ་རྣམས་ཀྱང་ཀུན་ནས་དབུལ་བར་བགྱི། །སྔགས་ཀྱང་། ཨོཾ་ཨཱཿས་མཱ་དྷི་ཕ་ལེ་སརྦ་མུ་ནི་པུ་ཏྲ་པྲཱི་ཎ་ནེ་ཨཾ་ཧཱུཾ་སྭཱ་ཧཱ་ཞེས་པ་འབྲས་བུ་གསོལ་བའི་ཆོ་གའོ། །དོན་ཆེན་བཞེད་པ་དེ་རྣམས་མཐའ་དག་ནི་སྐུ་ཁྲུས་དང་། །བསང་གཏོར་མཆོད་ཡོན་ཞབས་བསིལ་ཞལ་བསིལ་ལ་སོགས་མཆོད་པ་དང་། །རྒྱ་ནག་གོས་ལ་སོགས་པས་ཡོངས་བརྒྱན་ན་བཟའ་དབུལ་བགྱི་ཞིང་། །རྡོ་བ་དངུལ་དང་ནོར་བུ་གསེར་ལས་བྱས་པའི་སྣོད་སོགས་སུ། །འབྲས་ཆན་བཟའ་བ་ཞོ་དང་ཀ་ར་འོ་མའི་ཐུག་པ་དང་། །ཚོད་མ་དམ་པ་རབ་མཆོག་རྣམ་པ་མང་པོ་དག་དང་བཅས། །གྲོ་ཡི་ཕྱེ་མས་ཚུལ་བཞིན་སྤྲུལ་པའི་ལ་དུ་ལ་སོགས་པ། །ཆོ་ག་བཞིན་དུ་ཡོངས་སུ་སྦྱངས་པའི་ཞལ་ཟས་ཡང་དག་བཞེས་སུ་གསོལ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་ཨོ་ཇོ་བ་ལནྟེ་ཛོ་བ་ལནྡེ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་གིས་འདི་དག་ལན་བདུན་མངོན་པར་བསྔགས་ཏེ། ཨོཾ་དི་བྱནྣེ་ས་མཱ་དྷི་དྷྱཱ་ན་པྲཱྀ་ཎ་ནེ་སྭཱ་ཧཱ་ཞེས་པ་འདིས་དབུལ་བར་བྱའོ་ཞེས་པ་ཞལ་ཟས་གསོལ་བའི་ཆོ་གའོ་ཞེས་པ་ལྔ་པ་ཉེ་བར་འདྲེན་པའི་བྱ་བའོ།། །། ༈ དྲུག་པ། གཙུག་ཕུད་བྱེད་པའི་བྱ་བ། ༆ ཧཱུཾ་ཞེས་ 53-268b རྡོ་རྗེ་ཅན་གྱི་གཟུགས་སུ་སྤྲུལ་པར་བྱས་ཏེ་སྤུ་གྲིའི་སོ་ནི་ཆེས་རྣོ་བས། །སྐྱེ་བ་ལ་སོགས་སྒྲིབ་པ་གེགས་གྱུར་འཁྱོག་ཅིང་ནག་པ་དེ་རྣམས་ཡང་དག་བཞར་བྱས་ཏེ། །ཡེ་ཤེས་རྣམ་པའི་རང་བཞིན་དག་ཏུ་བསྒོམས་ཏེ་སྤྱི་བོར་གཙུག་ཕུད་དབྱིབས་ནི་བྱ་བ་ཡིན། །རྣ་བར་ཆོས་ཀྱི་གེགས་གྱུར་སྡིག་པའི་སྒྲིབ་གཡོགས་ཡང་དག་ཞུགས་ལ་ཁབ་རྩེ་སྦྱིན་པར་བྱ། །སྣ་ཚོགས་རིན་ཆེན་རྣམ་བཀྲ་གསེར་གྱི་ཅོད་པན་དང་ནི་རྣ་བའི་གོང་རྒྱན་མཆོག་ཏུ་འབར། །ཞ་ཉེ་སོགས་བྱས་རྣ་རྒྱན་དམ་པ་རྡོ་རྗེས་བརྟེན་པ་དང་ནི་ཏཱ་ལ་ཅན་དག་དང་། །མུ་ཏིག་དོ་ཤལ་རྣམ་འཕྱང་མགུལ་རྒྱན་དང་ནི་གདུ་བུ་དཔུང་རྒྱན་སེང་གེ་གདོང་དག་དང་། །འོག་པག་དམ་པ་བཅིངས་ལས་སྤྲོས་པའི་དྲིལ་ཆུང་གཡོ་བའི་སྒྲ་ལྡན་དང་ནི་ཞབས་གདུབ་དབུལ། །ཨོཾ་སརྦཱ་བ་ར་ཎ་བ་མན་ཙྪེ་ད་ཡ་ཛྙཱ་ན་ཙཱུ་ལཾ་ཀལྤ་ཡ་ཧཱུཾ་སྭཱ་ཧཱ། གཙུག་ཕུད་བྱེད་པའོ། །ཨོཾ་སརྦ་དྷརྨྨ་བྱ་དྷི་ཀ་ར་ཎཾ་སཾ་བེ་དྷ་ཡ་ཧཱུཾ་སྭཱཧཱ། རྣ་བ་འབུགས་པའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རིགས་ལྔ་ལས་བྱུང་ཅོད་པན་ཏེ། །ཁྱེད་ཅག་མཆོད་པའི་དོན་དུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊཱ་བྷི་ཥི་ཀ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཅོད་པན་ནོ། །ཨོཾ་བོ་དྷྱངྒཱ་བྷ་ར་ཎ་བི་བྷུ་ཁ་ཎེ་ཧཱུཾ་སྭཱ་ཧཱ། རྒྱན་ནོ། །ཞེས་པ་དྲུག་པ་གཙུག་ཕུད་བྱེད་པའི་བྱ་བའོ།། །། ༈ བདུན་པ། བརྟུལ་ཞུགས་བརྟན་པའི་བྱ་བ། ༆ རང་གི་སྙིང་གའི་ཟླ་བའི་གཟུགས་ལ་ལྷའི་མཚན་མ་དམ་པ་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་ལ་སོགས་པའི་གཟུགས་འཕྲོ་བར་བསམས་ཏེ་འཇིག་རྟེན་གྱི་ཁམས་སུ་སྤྲོས་པ་སླར་ཉེ་བར་སོན་པ་དེའི་ལག་ཏུ་ཚིགས་སུ་བཅད་པ་འདི་དག་གིས་སྦྱིན་ནོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་དམ་པའི་མཚན་ཉིད་དེ། །དངོས་པོ་མེད་པའི་ཆོས་རྣམས་ལ། །མཚན་མ་བསྒོམ་པར་རབ་ཏུ་བསྒྲགས། །ཡེ་ཤེས་གང་དང་གང་གིས་ནི། །སངས་རྒྱས་ཉིད་དུ་ཉེར་འགྲོ་བ། །སེམས་ཅན་དོན་སོགས་བྱ་བ་ཀུན། །ཁྱོད་ཀྱིས་ས་སྟེང་རྟག་ཏུ་བྱ། །ཞེས་པ་བདུན་པ་བརྟུལ་ཞུགས་བརྟན་པའི་བྱ་བའོ།། །། ༈ བརྒྱད་པ། མཉམ་པར་འཇུག་པའི་བྱ་བ། ༆ སློབ་དཔོན་བྱ་བ་མཐའ་དག་ལ་ནི་ཤིན་ཏུ་མཁས་པས་དྲི་ཡི་དཀྱིལ་འཁོར་དམ་པ་དག །བྱས་ནས་སྟེང་དུ་མེ་ཏོག་རབ་ཏུ་བཀྲམ་སྟེ་ཆོ་ག་བཞིན་དུ་མཆོད་པ་མཆོག་ནི་བསྒྲུབ་པར་བྱ། ། 53-269a རིག་པ་ལ་སོགས་ཀྱང་ནི་རྒྱུ་སྟེ་གཞན་གྱི་སེམས་ནི་གཅིག་ཙམ་གསལ་བ་མ་ཡིན་ཉིད། །བརྟན་པ་དང་ནི་གཡོ་བའི་འགྲོ་བ་འདི་ཀུན་རང་གི་སེམས་ལས་བྱུང་བར་བསམ་པར་བྱ། །སློབ་དཔོན་གྱིས་སྨྲའོ། །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །བྱང་ཆུབ་སེམས་ལས་བྱུང་བར་མཉམ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བསེ་རུ་ཉན་ཐོས་སྐྱེ་བོ་རྣམས། །རང་བཞིན་མེད་ཅིང་དམིགས་པ་མེད། །མཉམ་ཉིད་ཡེ་ཤེས་དེ་བཞིན་ཉིད། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །དེ་ལྟར་ལྷག་པར་མོས་པར་བྱའོ། །ཞེས་པ་བརྒྱད་པ་མཉམ་པར་འཇུག་པའི་བྱ་བའོ།། །། ༈ དགུ་པ། ལག་པ་འཛིན་པའི་བྱ་བ། ༆ རང་གི་སྙིང་གར་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་ལ། །རང་གི་མཚན་མ་ས་བོན་ཡི་གེའི་འོད་ཀྱིས་སྤྲུལ། །བརྩེ་ལྡན་སྒྲུབ་པོ་བློ་ནི་རབ་ཏུ་འཕེལ་ཆེད་དུ། །སྐུ་གཟུགས་ལུས་ལ་རིགས་དང་རྗེས་མཐུན་བུ་མོ་དག །ལུགས་མ་སོགས་ལ་སྐུ་གཟུགས་ཀྱི་ནི་གཡོན་ངོས་སུ། །ལེགས་སྦྱངས་ནོར་བུ་བཞིན་དུ་རྣམ་པར་བསམས་ཏེ་སྤྲོ། །བག་མའི་ཚུལ་ནི་རྣམ་པ་བརྒྱད་དང་ལྡན་ཞིང་མཛེས། །གསང་སྔགས་རིག་པས་ལག་པ་འཛིན་པ་བསྒྲུབ་པར་བྱ། །རིགས་ལྔའི་ཆ་ཤས་ཀྱི་ལུས་མཛེས་པ་ལ་སྤྱི་བོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་བྱིན་པའི་མཐར་ཐུག་པར་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་པའི་སྔགས་ཀྱིས་དེའི་ལུས་ལ་སྤྱི་བོར་ཟླ་བ་ལ། ཧཱུཾ་ཛཱ་ཏ་ཤར་ད་ལམྦུ་ཛ་མཱཿཀཱ་ར་པི་ཀཱ་ར་ཀརྞྞི་ཀ་ཕ་ལནྟཉྩ། ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ལུས་མངོན་པར་སྦྱངས་ཏེ། ཡང་དག་པར་མཆོད་ཅིང་བརྟན་པར་བྱས་ནས་གོས་དམར་པོའི་སྟོད་གཡོགས་དང་རྒྱན་ཆེན་པོ་དང་བཅས་པ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ལྷ་མོ་སྐུ་གཟུགས་དང་གཅིག་ཉིད་དུ་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྣང་གསལ་འོད་བྱེད་མ། །ལག་པས་ལག་པ་བཟུང་ནས་སུ། །སངས་རྒྱས་ཕྲིན་ལས་རབ་ཏུ་སྒྱུར། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཨོཾ་ཧཱུཾ་ཧྲཱིཾ་བཛྲཱཾ་བྷ་བ་དྲྀ་ཌྷ་ཏིཥྛ་བྷྲཱུཾ་ཁཾ་ཧཱུཾ་ཨོཾ་སུ་པྲ་ 53-269b ཏིཥྛ་བཛྲེ་སྭཱ་ཧཱ། ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། དེ་ལྟར་རབ་ཏུ་གནས་པ་བྱས་ནས། ནམ་མཁའི་ཁམས་དང་མཉམ་པ་ཉིད་དུ་རྗེས་སོང་རབ་གནས་ནི། །དེ་བཞིན་གཤེགས་དང་ཆོས་ཀྱི་གླེགས་བམ་རྡོ་རྗེ་དྲིལ་བུ་རྣམས། །དེ་ལྟར་དམ་པའི་དོན་དུ་མིན་མོད་འོན་ཀྱང་འཇིག་རྟེན་དུ། །འཇིག་རྟེན་ཕན་པ་བཞེད་པའི་མགོན་པོས་རབ་ཏུ་གནས་པའང་མཛད། །གང་འདི་སྐུ་གཟུགས་རབ་གནས་པ། །ས་དང་ཆུ་དང་མེ་རླུང་ལས། །བསྐལ་པ་བྱེ་བ་བརྒྱ་རུ་ཡང་། །ལྷ་རྣམས་ཀུན་གྱིས་སྲུང་དུ་གསོལ། །ཞེས་པ་བརྟན་པར་བྱེད་པའོ་ཞེས་པ་དགུ་པ་ལག་པ་འཛིན་པའི་བྱ་བའོ།། །། ༈ བཅུ་པ། མེའི་བྱ་བ། ༈ ཞི་བའི་མེ་ཡི་ལས། ༆ རབ་གནས་བྱས་པའི་ལྷ་རྣམས་ནི། །མེ་ཡི་ལས་ཀྱིས་བསྐང་བ་ཉིད། །རྟག་པའི་རྒྱུད་ལས་གསུངས་པ་ཡི། །ཆོ་གས་བདག་ཉིད་ཆེན་པོས་བསྒྲུབ། །འདི་ལྟར་སངས་རྒྱས་ཀྱིས་གསུངས་པ། །མེ་ནི་ལྷ་ཡི་ཞལ་ཉིད་དེ། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པས་དངོས་གྲུབ་སྦྱིན་པར་བྱེད། །ལས་རྣམས་ཀུན་གྱི་དངོས་གྲུབ་ནི། །སྦྱིན་སྲེག་མེད་པར་བྱུང་མི་འགྱུར། །གསང་སྔགས་ཐམས་ཅད་རབ་སྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །མེ་ཡི་གནས་ནི་རྣམ་ཤེས་ནས། །སྦྱིན་སྲེག་རབ་ཏུ་བརྟག་པར་བྱ། །དེ་ཡི་འདུ་བྱེད་མ་བསྐྱེད་ན། །ལས་ནི་འབྲས་བུ་མེད་པར་འགྱུར། །ཞི་དང་རྒྱས་དང་དབང་དང་དགུག །དབྱེ་དང་བསྐྲད་པ་ལ་སོགས་ལ། །སྦྱིན་སྲེག་ལས་ཀྱི་རྗེས་འབྲངས་པས། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་སོ། །ཆོས་ཀྱི་དབྱིངས་ནི་ཡོངས་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །འབར་བའི་ཕུང་པོ་ལྟ་བུའི་མེ། །ས་ཡི་དབྱིབས་ཀྱིས་འཛིན་པར་བྱེད། །ཐབ་ཀྱིས་སྐྱེ་བ་འཕེལ་བར་བྱེད། །ཤིང་གིས་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །དོན་གྲུབ་དཀར་པོས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་འདོད། །མར་གྱིས་ཕུན་སུམ་ཚོགས་ཀུན་བྱེད། །ཡམ་ཤིང་གཟི་ 53-270a བརྗིད་རྣམ་འཕེལ་བྱེད། །ཏིལ་གྱིས་སྡིག་པ་འཕྲོག་ཅིང་དགེ། །སོ་བས་དཔལ་དང་ནོར་འགུགས་བྱེད། །སྲན་མས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རྫུ་འཕྲུལ་ཤུགས་རབ་སྦྱིན། །དཱུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་ནི་ཉམས་པར་བྱེད། །སྦྲང་རྩི་འོ་མས་ཤེས་རབ་སྦྱིན། །ཞོ་ཟན་བདེ་བ་ཀུན་སྦྱིན་བྱེད། །མེ་ཡིས་འདོད་དོན་དངོས་གྲུབ་སྦྱིན། །རང་འདོད་ལྷ་ཡིས་གྲོལ་བ་སྟེར། །ལྷག་མ་ལས་དང་རྗེས་མཐུན་པར། །ཞི་སོགས་ལས་བྱེད་ཤེས་པར་བྱ། །དགང་གཟར་ཤེས་རབ་བླུགས་གཟར་ཐབས། །དེ་དག་གཉིས་མེད་བསྒོམ་པའོ། །དེ་ལས་ངེས་པར་འཐོན་པའི་མར། །ཡེ་ཤེས་ཆེན་པོའི་བདུད་རྩིར་འདོད། །དེ་ཡིས་རྒྱུ་དང་མི་རྒྱུར་བཅས། །བདག་ཉིད་ལྷ་རྣམས་ཚིམ་པར་བྱེད། །གང་ཞིག་དེ་ལྟར་སྦྱིན་སྲེག་བྱེད། །སྐལ་བཟང་དངོས་གྲུབ་ཕུན་སུམ་ཚོགས། །གསུམ་དང་བདུན་དང་ཉེར་གཅིག་སོགས། །ཇི་སྲིད་འབུམ་དང་བྱེ་བ་བརྒྱ། །རང་འདོད་དངོས་གྲུབ་རྗེས་འབྲངས་པས། །རྒྱུད་ཀྱི་དངོས་སོགས་ཡང་དག་འདོད། །སྲེག་བླུགས་ཐམས་ཅད་ཞལ་ལ་བསམ། །ཟས་དང་ཞལ་བསིལ་སོགས་ཕྱག་ཏུ། །ཡུམ་ཤིང་ཀུ་ཤ་སོགས་འོད་ལ། །བདུག་སྤོས་ཐམས་ཅད་འབར་བ་ལ། །མེ་ཏོག་ལ་སོགས་ཀུན་དབུ་ལ། །ཐུགས་ཀར་དྲི་ལ་སོགས་པ་ཀུན། །བསང་གཏོར་སྐུ་ནི་ཐམས་ཅད་ལ། །དེ་བཞིན་ཞབས་བསིལ་ཞབས་དག་ལ། །གོས་དང་མཆོད་ཕྱིར་ཐོགས་ལ་སོགས། །རྒྱན་ལ་སོགས་པ་སྐུ་ལའོ། །མར་མེ་མཆོད་ཡོན་ཞལ་ཟས་ཀྱི། །མཆོད་པ་རིམ་བཞིན་མདུན་དུ་དབུལ། །ཞེས་པ་སྦྱིན་སྲེག་གི་མན་ངག་གོ། །ཆོས་ཀྱི་ཡི་གེ་ལས་བྱུང་ཤིན་ཏུ་ཟླུམ་པའི་ཐབ་དབུས་སུ། །རེ་ཕ་ལས་བྱུང་གཙུག་ཕུད་གསུམ་པ་ཨོཾ་ཡིག་ཆུ་སྐྱེས་གནས། །འབར་བའི་ནང་དུ་ཆུ་ཡི་དཀྱིལ་འཁོར་ལ་གནས་ཤིན་ཏུ་དཀར། །དག་བྱེད་མེ་ནི་བདུད་རྩི་འཛག་པའི་འོད་ཟེར་ཕྲེང་བ་ཅན། །ཞི་བ་སྤྱན་གསུམ་རལ་པའི་ཚོགས་ནི་ཡོངས་སུ་བཅིངས་གྱུར་ཅིང་། །མཆོད་ཕྱིར་ཐོགས་དང་དཀར་པོའི་གོས་ཀྱིས་ལུས་ནི་རྣམ་པར་བརྒྱན། །གཡས་ཀྱི་ 53-270b ཕྱག་གཉིས་མི་འཇིགས་པ་དང་ཕྲེང་བས་ཡོངས་སུ་བརྒྱན། །གཡོན་པར་དབྱུ་གུ་ཡལ་ག་གསུམ་པ་དང་ནི་སྤྱི་བླུགས་འཛིན། །ཨོཾ་པཱ་པ་ཀྵ་གྣ་ཡེ་སྭཱ་ཧཱ། བྲམ་ཟེ་དག་ལས་བསླངས་དང་ནོར་བུའི་འོད་ལས་བྱུང་བའི་མེ། །ནྱ་གྲོ་དྷ་དང་པིཔྤ་ལ་དང་པཱ་ལ་ཤ་དང་ཆུ་སྐྱེས་ཤིང་། །འབྲས་ཆན་འབྲས་ཡོས་ནས་དང་འོ་མ་ཏིལ་དང་ཁུར་བ་དང་། །ཡུངས་ཀར་ཙནྡན་མེ་ཏོག་དང་ནི་ཀུ་ཤའི་རྩེ་དང་དཱུརྦའོ། །ཁ་ཤར་དུ་ལྟ་བ་དང་ཉེ་བར་སྤྱོད་པ་ཐམས་ཅད་དཀར་པོ་དང་ཐབ་ཟླུམ་པོའོ་ཞེས་པ་ཞི་བའི་ལས་ཀྱི་མེའི་ལས་སོ།། །། ༈ རྒྱས་པའི་མེའི་ལས། ༆ འབར་བའི་ནང་དུ་ས་ཡི་དཀྱིལ་འཁོར་ལ་གནས་པའི། །དབང་ཆེན་ཞེས་བྱའི་མེ་ནི་ཤིན་ཏུ་སེར་བ་ཉིད། །གོས་དང་རྒྱན་ནི་ཁ་དོག་སེར་པོ་ཡང་དག་འཛིན། །དབྱུ་གུ་བགྲང་ཕྲེང་སྤྱི་བླུགས་མཆོག་སྦྱིན་སྤྱན་གསུམ་པ། །ཕུན་ཚོགས་མཆོག་དང་ནད་མེད་ཤིན་ཏུ་རྒྱས་བྱེད་པ། །དཔལ་ལྡན་ལུས་ཆེན་རལ་པ་བཟང་པོ་རབ་ཏུ་བཅིངས། །ལུས་ནི་དག་བྱེད་མཆོད་ཕྱིར་ཐོགས་དང་ལྡན་གྱུར་ཅིང་། །སེམས་ཅན་རྣམས་ལ་བྱམས་པའི་སེམས་ལྡན་བཞིན་རྒྱས་པའོ། །ཨོཾ་མ་ཧེ་ནྡྲཱགྣ་ཡེ་སྭཱ་ཧཱ། རྒྱལ་པོ་རྒྱལ་རིགས་ཤིང་གཙུབས་པ་དང་རིན་པོ་ཆེ། །ཚོང་པའི་མེ་དང་དགེ་འདུན་ཚོང་བང་ཆེན་པོའི་མེ། །བ་ཊ་ཙམྤ་ཀ་སོགས་ཡ་ཛྙཱཾ་ག་ས་མཱི། །པརྐ་ཊི་དང་ཀོ་ལ་ཨ་མྲ་བི་ལ་འབྲས་ཏཱ་ལ་སྐྱེས། །གསེར་འོད་ཛཱ་ཏི་མེ་ཏོག་བརྒྱ་པ་ཀརྞི་ཀ །ཞོ་ཟན་བུ་རམ་དབུ་བ་ནས་ཟན་ཏིལ་འཁུར་ཁཎྜ་རྣམས། །ཐབ་ཁུང་གྲུ་བཞི་དང་ཁ་བྱང་དུ་བྱ་བ་དང་། །ཉེ་བར་སྤྱོད་པ་རྣམས་ཀྱང་སེར་པོའོ་ཞེས་པ་རྒྱས་པའི་མེའི་ལས་སོ།། །། ༈ དབང་གི་མེའི་ལས། ༆ འབར་བའི་ཤིང་རྟའི་དབུས་སུ་འདོད་པ་ཞེས་བྱའི་མེ་རྣོན་པོ། །ཉིན་བྱེད་གཞོན་ནུ་དང་མཚུངས་ལྷ་ཡི་ལུས་ནི་རྒྱན་དམར་ལྡན། །དང་པོའི་ཕྱག་ཟུང་རྩེ་མོས་དབྱུ་གུ་ཤིང་དང་ལྕགས་ཀྱུ་སྟེ། །དེ་ལས་ཅིག་ཤོས་ཕྱག་ཟུང་ཞགས་པ་དང་ནི་སྤྱི་བླུགས་འཛིན། །དམར་ཞིང་མཉེན་ལ་ཕྲ་བའི་སྤྱན་གསུམ་མཛེས་ཤིང་རྗེས་སུ་ཆགས། །སྤྱི་བོར་རལ་པའི་ཚོགས་ཀྱི་ཅོད་པན་བསྒྱིངས་པ་འཛིན་བྱེད་ཅིང་། །བརྟན་ཞིང་རོལ་པའི་འཇུག་པས་བདེ་བ་ཀུན་དུ་མྱོང་བྱེད་ལ། །སྲིད་གསུམ་ 53-271a སྐྱེ་བོ་རྣམས་ནི་ཆོ་ག་བཞིན་དུ་དབང་བྱེད་པའོ། །ཨོཾ་ཀཱ་མཱགྣ་ཡེ་སྭཱ་ཧཱ། ཆོས་བྱེད་གར་མཁན་རྗེའུ་རིགས་སྨད་འཚོང་རི་མོ་མཁན་གྱི་མི། །དེ་བཞིན་དབང་བྱེད་ལས་ཀྱི་རྒྱུན་ལ་ལེགས་བསྔགས་ཡམ་ཤིང་ནི། །ཙམྤཱ་སི་གྲུ་སིདྡྷ་ལ་གུ་ཙ་དང་བ་ཀུ་ལ་དང་པྲི་ཡངྐུ། །ཤ་ར་ལ་དང་དྷ་བ་དྲི་ཞིམ་སྭཱ་དུ་ཀཱ་དང་ཥཱ་ཡ་རཀྟ་དང་། །ས་མི་སེང་ལྡེང་པཱ་ལ་ཤ་དང་ཨ་མྲ་བཻ་ཀངྐ་ཏ་མྱ་ངན་མེད། །འདབ་མ་གཡོ་དང་བ་ཊ་སྣང་བྱེད་ཀཱ་ཤྲཱ་རཱི་དང་ཚེར་མ་སྒུར་པོ་དང་། །རྒྱ་ཤུག་སྦྲང་ཤིང་ཀ་རཱ་ལ་དང་ཀིནྡུ་ནཱ་རངྒ་དང་རྒུན་འབྲུམ་ཤིང་། །པདྨ་ཨུཏྤལ་དང་ཨརྐ་ཨ་ཤོ་ཀ་དང་ཀླུ་ཤིང་གེ་སར་དང་། །མེ་ཏོག་དམར་པོ་དང་ནི་ཛཱ་ཏི་མཱ་ལ་ཏཱི་དང་མཱ་དྷ་བཱི་ཉིད་དང་། །དམར་པོའི་ཏིལ་དང་འབྲས་ཀྱི་ས་བོན་གུ་གུལ་དང་པ་ཤུ་བ་ལ་ཛཱ་ཏ་དང་། །དབང་གི་རྒྱུད་དང་བརྟག་པ་ལས་ནི་གསུངས་པ་ཡི། །མངར་གསུམ་གྱིས་ནི་བྱུགས་པའི་རྫས་རྣམས་ཐམས་ཅད་དོ། །ཐབ་ནི་ཟུར་གསུམ་པ་ལྕགས་ཀྱུའི་རྣམ་པ་དང་ནུབ་དང་རླུང་དུ་ཁ་ཕྱོགས་པ་དང་ཉེར་སྤྱོད་རྣམས་དམར་པོའོ་ཞེས་པ་དབང་གི་མེའི་ལས་སོ།། །། ༈ མངོན་སྤྱོད་ཀྱི་མེའི་ལས། ༆ འབར་བའི་ཕྲེང་བའི་དཀྱིལ་འཁོར་དབུས། །ཧཱུཾ་ཁྲོས་མེ་ཡི་འོད་ཟེར་ཚོགས། །དུད་ཀ་ཁྲོས་ཤིང་འཇིགས་རུང་གཟུགས། །མཆེ་བ་དྲག་གཙིགས་སྒྲ་ངན་ཅན། །མདོག་ནག་རྒྱན་གྱིས་སྐུ་བརྒྱན་ཞིང་། །འཇིགས་རུང་འོད་ཟེར་ཚོགས་རབ་གསལ། །སྐྲ་ཚོགས་དམར་སེར་གྱེན་དུ་བརྫེས། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་ཅན། །གཡས་པ་རལ་གྲི་དབྱུག་པ་གཡོ། །གཡོན་ནི་ཞགས་པ་སྤྱི་བླུགས་འཛིན། །མི་སྡུག་གཉིས་མེད་དཔའ་ཞིང་གཏུམ། །ལྷག་མ་ཐམས་ཅད་སྔོན་བཞིན་ནོ། །ཁར་བ་ལྕགས་རུས་རྡོ་བ་ཐ་མའི་མལ། །ལས་བྱུང་སྲད་བུ་མདོག་ངན་ཁྱིམ་གྱི་མི། །ཕག་གི་ཁྱིམ་དང་བྷ་དནྟི་དང་ཏ་རཾ་ག །གཎྜ་ཀ་དང་རིང་པོ་མགྲིན་རུས་ག་ལཎྜ། །ཀོ་ཊ་ར་དང་ཚེར་མ་ཅན་དང་ཏིཀྟ་ཤིང་། །བྱ་རོག་འུག་པ་བི་ཅི་ལྷི་ཀའི་གཤོག་པ་དང་། །ཏིཀྟ་ལུང་ཏང་དང་ནི་འདབ་མཆོག་ག་སེ་ཀཾ། །རྟོག་ལས་ཡང་དག་གསུངས་པའི་བསྲེག་བྱ་མཐའ་ཡས་རྣམས། །ཐབ་ནི་ཟུར་གསུམ་པའམ་ཟླ་བ་ཕྱེད་པ་ལྟ་བའོ། །ཨོཾ་ཀྲོ་དྷཱགྣ་ཡེ་ཛ་ཧི་ཏྲོ་ཊ་ཡ་ཧཱུ་ཕཊ་སྭཱ་ཧཱ། ཉེ་ 53-271b བར་སྤྱོད་པ་ཐམས་ཅད་ནག་པོའོ་ཞེས་པ་མངོན་སྤྱོད་ཀྱི་མེའི་ལས་སོ།། །། ༈ དགུག་པའི་མེའི་ལས། ༆ ཐུན་མཚམས་སྤྲིན་དམར་དང་ནི་སྐྱ་རེངས་དམར་འདྲའི་མེ། །དགའ་ཞིང་རྗེས་སུ་ཆགས་པ་རབ་རྒྱས་རང་བཞིན་ཅན། །སྒེག་པའི་རྒྱན་དང་ན་བཟའ་དང་ནི་ལྷབ་ལྷུབ་མཛེས། །ཡན་ལག་མཆོག་ནི་རལ་པའི་དཔལ་ལྡན་རྒྱ་ཆེན་ལུས། །མཆོད་ཕྱིར་ཐོགས་ཀྱིས་ལུས་ཀྱི་ཕྱེད་ནི་མཛེས་པ་སྟེ། །གཡས་པའི་ཕྱག་གིས་ལྕགས་ཀྱུ་དང་ནི་སྔགས་ཕྲེང་དང་། །གཡོན་པས་ཀྲྀ་ཏྱཱ་ས་ཀ་དང་ནི་སྤྱི་བླུགས་འཛིན། །རི་དགས་ཨེ་ནེ་ཡ་ཡི་པགས་པ་ལུས་ལ་ཡང་དག་གནས། །ཨ་ཤོ་ཀ་དང་ཀང་ཀེ་ལི་དང་ནས་དང་ཨརྐའི་མེ་ཏོག་རྣམས་སོ། །ཐབས་ནི་ལྕགས་ཀྱུའི་རྣམ་པའོ། །ཨོཾ་ལོ་ཧི་ཏཱགྣ་ཡེ་སྭཱ་ཧཱ། ཉེར་སྤྱོད་ཐམས་ཅད་དང་ཕྱག་རྒྱ་ཐམས་ཅད་དམར་པོའོ་ཞེས་པ་དགུག་པའི་མེའི་ལས་སོ།། །། ༈ འཆི་བ་དང་སྡིག་པ་དང་ནད་རབ་ཏུ་ཞི་བའི་མེའི་ལས། ༆ བདུད་རྩིའི་མིག་ཅན་མེ་ཆེན་པོ། །སྐྲ་དང་བ་སྤུ་དམར་སེར་ཅན། །མགྲིན་པ་མཐོ་ཞིང་གཟི་བརྗིད་ཆེ། །སེམས་ཅན་རྗེས་སུ་འཛིན་བྱེད་པ། །སྐྲ་གྲོལ་ཕྱག་བཞི་ལྕགས་ཀྱུ་དང་། །དབྱུ་གུ་ཞགས་པ་སྤྱི་བླུགས་ལྡན། །ཚངས་པའི་སྲད་བུ་རུས་ཕྲེང་ཅན། །རབ་གཏུམ་སྤྱན་གསུམ་འབར་བའོ། །ཨརྐ་སི་ཛྷུའི་མེ་ཏོག་སོགས། །རྟོག་པ་ལས་གསུངས་སྲེག་རྫས་རྣམས། །ལས་ཀྱི་རབ་ཏུ་དབྱེ་བ་ལས། །ཐབ་ནི་རལ་གྲི་འམ་རྟ་བབས་དབྱིབས། །ཨོཾ་ཨ་མྲྀ་ཏཱགྣ་ཡེ་སྭཱ་ཧཱ། འཆི་བ་དང་སྡིག་པ་དང་ནད་རབ་ཏུ་ཞི་བའི་མེའི་ལས་སོ།། །། ༈ ནོར་ཐམས་ཅད་དང་དཔལ་འགུགས་པའི་མེའི་ལས། ༆ ཛ་ཋ་ར་དང་གཉིས་མེད་མེ་ནི་ཤིན་ཏུ་རྣོ། །རྣམ་པ་སྣ་ཚོགས་མདོག་ཅན་ལུས་ནི་མཛེས་ཤིང་འབར། །རྣམ་པ་སྣ་ཚོགས་གོས་དང་རྒྱན་གྱིས་ཡན་ལག་བརྒྱན། །མདུང་དང་མདའ་དང་ལྕགས་ཀྱུ་དང་ནི་སྤྱི་བླུགས་འཛིན། །འབྲས་དང་ཡུངས་དཀར་ལ་སོགས་པ་རྣམས་སོ། །ཐབ་ནི་རིན་པོ་ཆེའི་རྣམ་པའོ། །ཨོཾ་མ་ཧཱ་ཛ་ཋ་རཱགྣ་ཡེ་སྭཱ་ཧཱ། ནོར་ཐམས་ཅད་དང་དཔལ་འགུགས་པའི་མེའི་ལས་སོ།། །། ༈ རེངས་པ་དང་མི་སྣང་བ་དང་བཀའ་བཞིན་བྱེད་པའི་མེའི་ལས། ༆ ཟད་བྱེད་ཅེས་བྱ་དྲག་པོའི་མེ་ལྷ་ནི། །ལུས་ལ་རབ་ཏུ་གསལ་བའི་གཟི་རྗིད་བཅིངས་ཤིང་འབར། །ཕྱག་ན་མདའ་དང་རལ་གྲི་དབྱུག་པ་སྤྱི་བླུགས་ལྡན། ། 53-272a མི་རུས་ཕྲེང་ཅན་དབུ་སྐྲ་སེར་སྐྱ་གྱེན་བརྫེས་པའོ། །འབྲས་བུ་ཡོད་མེད་ཤིང་དང་ས་ཛུའི་མེ་ཏོག་སོགས། །ཐབ་ནི་གྲུ་གསུམ་མོ། །ཨོཾ་ཀྵ་ཡཾ་ཀ་རོ་གྲཱགྣ་ཡེ་སྭཱ་ཧཱ། རེངས་པ་དང་མི་སྣང་བ་དང་བཀའ་བཞིན་བྱེད་པའི་མེའི་ལས་སོ།། །། ༈ རིག་པ་འཛིན་པ་ཉིད་དང་མཁའ་ལ་སྤྱོད་པའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་མེའི་ལས། ༆ རྒྱལ་བའི་སྐུ་མཆོག་དག་པས་ཡན་ལག་ལྔ། །རྣམ་པར་བཀྲ་ཞིང་དཀའ་ཐུབ་ལྡན་པའི་མེ་ཆེན་པོ། །རི་དགས་ནག་པོའི་པགས་པའི་ན་བཟའ་ཉིད་དག་དང་། །རལ་པ་རྣམ་བསྒྱིངས་ཞི་བའི་རྒྱན་ནི་ངེས་པར་འཛིན། །མཆོག་སྦྱིན་བགྲང་ཕྲེང་དབྱུ་གུ་རིལ་བ་རྣམ་པར་འཛིན། །སྣ་ཚོགས་གོས་ཅན་མཐའ་ཡས་གཟི་བརྗིད་ཡང་དག་ལྡན། །ཚངས་སྐུད་དང་བཅས་སྲད་བུ་བྲེལ་བས་པདྨར་གནས། །ཐབ་ནི་ནམ་མཁའི་དཀྱིལ་འཁོར་གྱི་རྣམ་པའོ། །ཨོཾ་མ་ཧཱ་ཏཱ་པ་སཱགྣ་ཡེ་སྭཱ་ཧཱ། རིག་པ་འཛིན་པ་ཉིད་དང་མཁའ་ལ་སྤྱོད་པའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་མེའི་ལས་སོ།། །། ༈ གསོད་པ་དང་གནོད་པ་དང་ནད་བྱེད་པའི་མེའི་ལས། ༆ རོ་ཟན་མེ་ནི་འཇིག་རྟེན་འཛིན་པ་རབ་ཏུ་གཏུམ། །ཅུང་ཟད་དམར་ཞིང་སྔོ་བ་ལུས་ཀུན་ཤིང་ལྟ་བུ། །རལ་གྲི་སྤྱི་བླུགས་སྔགས་ཕྲེང་དང་ནི་དབྱུག་གསུམ་ཅན། །རལ་པ་དམར་སེར་འཕྱང་ཞིང་མིག་ནི་གྱེན་བཅིངས་པའོ། །ཐབ་ནི་མདུང་གི་རྣམ་པའོ། །ཨོཾ་ཀྲ་བྱཱ་དཱགྣ་ཡེ་སྭཱ་ཧཱ། གསོད་པ་དང་གནོད་པ་དང་ནད་བྱེད་པའི་མེའི་ལས་སོ།། །། ༈ འདེད་པ་དང་སྐྲོད་པར་བྱེད་པའི་མེའི་ལས། ༆ ཤིན་ཏུ་རྩུབ་ཅིང་དམར་ནག་ཐལ་བ་དྷཱུ་ས་ར། །སྙིང་པོའི་ལུས་ཅན་རླུང་ཞེས་བྱ་བའི་མེ་རུ་འདོད། །མིག་གསུམ་རལ་ཅན་ལུས་དང་མགོ་བོ་རུས་པའི་བདག །རི་དགས་པགས་པའི་གོས་ཅན་རླུང་འདྲའི་རི་དྭགས་ཞོན། །མ་རཀྟ་ཐལ་འབར་བས་བཙོས་པའི་གོས་འཛིན་ཞིང་། །མཆོད་སྦྱིན་གསུམ་གྱི་སྲད་བུ་རྒྱན་ལྡན་མགྲིན་པ་མཐོ། །ལག་པར་ཡལ་ག་གསུམ་དབྱུག་བགྲང་ཕྲེང་ག་ཎེ་ཏཱི་ཀཱ་དང་། །གཡོ་བས་བ་དན་འཕྱར་ཞིང་རིལ་བ་སྤྱི་བླུགས་འཛིན། །བ་དན་གྱི་རྣམ་པའི་ཐབ་བོ། །ཨོཾ་མ་རུ་ཏཱགྣ་ཡེ་སྭཱ་ཧཱ། འདེད་པ་དང་སྐྲོད་པར་བྱེད་པའི་མེའི་ལས་སོ།། །། ༈ དཔལ་གྱི་རིག་སྔགས་ཆགས་པར་བྱེད་པ་རྒྱལ་སྲིད་འདོད་པའི་མེའི་ལས། ༆ རབ་ཏུ་རྨོངས་བྱེད་ཅེས་བྱ་ཤིན་ཏུ་ཞི་བའི་ལས། །ཤིན་ཏུ་ཁེབས་པའི་ལུས་ཅན་སྐྱེ་བོ་རྨོངས་བྱེད་པ། །རྣམ་དག་ 53-272b ཞིང་ཡང་ས་ཤིང་མཛེས་པའི་མིག་ལྡན་ཞིང་། །རལ་པ་རབ་བཅིངས་རིན་ཆེན་འབར་བའི་ཅོད་པན་ཅན། །རྣམ་པར་བཀྲ་བའི་གོས་དང་རྒྱན་ནི་ཉེ་བར་ཐོགས། །སྒེག་ཅིང་རོལ་པ་དཔལ་ལྡན་པདྨའི་གོ་འཕང་སོན། །ཤིན་ཏུ་དམར་ཞིང་རབ་བཞད་ག་ཎེ་ཏྲི་ཀཱ་དང་། །མཆོག་ཀུན་རབ་སྦྱིན་དབྱུ་གུ་གསུམ་དང་སྤྱི་བླུགས་འཛིན། །ཐབ་ནི་ཟུར་གསུམ་པདྨའི་དབྱིབས་ཅན་ནོ །ཨོཾ་པྲ་མོ་དཱགྣ་ཡེ་སྭཱ་ཧཱ། དཔལ་གྱི་རིག་སྔགས་ཆགས་པར་བྱེད་པ་རྒྱལ་སྲིད་འདོད་པའི་མེའི་ལས་སོ།། །། ༈ ཐབ་སོགས་བསྟན་པ། ༆ གང་ཞིག་ཐབ་ནི་རྣམ་བཅུ་རབ་བྱེད་རྟོགས་པ་ཡིས། །སེམས་ཅན་བསམ་པ་རབ་འབྱམས་དངོས་གྲུབ་ལེགས་སྒྲུབ་ཕྱིར། །དཔལ་ལྡན་ཁྲོ་རྒྱལ་དཔའ་བོ་གཉིས་མེད་རྣམ་རྒྱལ་བའི། །རྒྱུད་ལས་རྒྱལ་བ་སྟོབས་བཅུ་མངའ་བས་ཡང་དག་གསུངས། །དཔལ་ལྡན་འདུས་པའི་ཡུལ་སོགས་རྣམས་ལས་ཕྱག་རྒྱ་སྔགས། །ལས་ཀྱི་རབ་སྦྱོར་དང་ནི་ཆོ་ག་ངེས་པ་སྟེ། །དཔལ་ལྡན་སྡོམ་པ་འབྱུང་བ་ཆེ་མཆོག་སྔགས་རྒྱལ་ལས། །རྫས་དང་མེ་དང་སྦྱིན་སྲེག་ཡུལ་གྱི་དེ་ཉིད་གསུངས། །དཔལ་ལྡན་པདྨ་འབྱུང་བའི་རྒྱུད་རྒྱལ་རྒྱས་ཆེན་ལས། །པདྨ་འདྲ་སོགས་ཐབ་ཀྱི་དག་པའི་མཚན་མའི་ཆ། །རྒྱས་པ་ལ་སོགས་ལས་ལ་ནོར་རྒྱལ་གཟུགས་དངོས་གྲུབ། །ཁྱབ་བདག་འཇིག་རྟེན་དབང་པོས་རྣམ་མང་དངོས་གྲུབ་ཕྱིར། །དཔལ་ལྡན་པདྨ་གར་དང་རྟ་མགྲིན་ཁ་ནྱ་བཱ་ད་དང་། །སྒྲོལ་མ་འབྱུང་དང་མི་གཡོ་ཚོགས་བདག་རྟོག་པའི་རྒྱལ་པོ་ལས། །སྣ་ཚོགས་ཆོ་ག་དགེ་དང་མི་དགེའི་སྒྲུབ་པ་མཐའ་དག་གི། །དངོས་གྲུབ་རྒྱུ་རུ་སྦྱིན་སྲེག་ལས་ནི་ཡང་དག་བསྔགས་མཛད་ཅིང་། །ཞི་བ་ལ་སོགས་ལས་རྣམས་ཀུན་ལ་འབྲས་བུ་ཉེར་སྤྱད་དང་། །རྫས་ལ་སོགས་པའི་བྱེ་བྲག་ཆོ་ག་རྒྱ་ཆེར་རབ་ཏུ་བསྟན། །དེ་ཡི་ལམ་ཙམ་འདིར་ནི་རྨོངས་པའི་སྐྱེ་བོས་རྟོགས་བྱའི་ཕྱིར། །མེ་ཡི་བྱ་བའི་ཆོ་གའི་ཁྱད་པར་རབ་ཏུ་བསྟན་པ་ཡིན། །གསད་ལས་ཐབ་ནི་སོར་བརྒྱད་དེ། །རྒྱས་པ་ལ་ནི་ཚད་བཅུའོ། །དབང་ལ་བཅུ་གཉིས་གྲངས་ཡིན་ཏེ། །ཞི་བར་བཅུ་བཞིའི་བདག་ཉིད་དོ། །བུ་སོགས་རིགས་འཕེལ་བ་ལ་ནི། །སོར་ 53-273a མོ་བཅུ་དྲུག་ཚད་ཡིན་ནོ། །གླང་པོ་རྟ་ཕྱུགས་མ་ཧེ་སོགས། །འཕེལ་ལ་སོར་ནི་བཅོ་བརྒྱད་དོ། །ཡུལ་དུ་འཆི་དང་ནད་ལ་སོགས། །ཞི་ཕྱིར་སོར་ནི་ཉི་ཤུའོ། །ནོར་འབྲུ་རྒྱལ་སྲིད་ཕུན་ཚོགས་དག །འཕེལ་ལ་སོར་མོ་ཉི་ཤུ་གཉིས། །དངོས་གྲུབ་བློ་དང་ལུས་ལྡན་མ། །དགུག་ལ་སོར་མོ་ཉི་ཤུ་བཞི། །བསྡུས་པའི་ཐབ་ནི་མདོར་བསྟན་ཡིན། །རྒྱས་པར་ཁྲུ་ཡི་གྲངས་ཀྱིས་སོ། །ཐབ་ཀྱི་ཕྱེད་དམ་སུམ་ཆ་ནི། །ཟབས་སུ་རྒྱལ་བ་མཆོག་གིས་བཞེད། །མཆུ་དང་ཁ་ཁྱེར་མུ་ཁྱུད་རྣམས། །ཐམས་ཅད་ཀྱི་ནི་བརྒྱད་ཆའོ། །ཟབས་ཀྱི་ཕྱེད་ཚད་དེའི་པདྨ། །དེ་ཡི་སུམ་ཆས་ལྟེ་བའོ། །དེ་དབུས་ལྟེ་བའི་ཚད་དང་ནི། །སྦྱར་བའི་མཚན་མ་ཀུན་གྱིས་མཚན། །གྲུ་བཞི་རིན་ཆེན་པདྨའི་དབྱིབས། །ཐབ་ཏུ་ཀུ་ཤའི་གདན་ལ་མེ། །ལས་ཐམས་ཅད་པའི་ཡེ་ཤེས་མེ། །ཡི་གེ་གསུམ་ཞུའི་ཆུ་ལ་ནི། །པདྨར་རཾ་གི་ས་བོན་སྐྱེས། །སྐུ་མདོག་དམར་སེར་མཛེས་ཤིང་འཇམ། །གཡོན་ན་དབྱུ་གུ་གསུམ་སྤྱི་བླུགས། །གཡས་ན་བགྲང་ཕྲེང་མཆོག་སྦྱིན་འཛིན། །སྤྱན་གསུམ་རལ་པའི་ལེན་བུ་ཅན། །མགོ་བོ་ཐུབ་པས་གསལ་གྱུར་ཅིང་། །ཉི་མར་བཟང་པོའི་སྟེགས་ཀྱིས་འདུག །ཅོད་པན་རྡོ་རྗེ་སེམས་དཔས་མཚན། །མཆོད་ཕྱིར་ཐོགས་ནི་དམ་པས་བརྒྱན། །ལྷ་རྫས་གོས་ནི་ཀུན་དུ་གསལ། །སྐྱེ་བོ་དགའ་བྱེད་ཞི་བའི་གཟུགས། །འདོད་དོན་དངོས་གྲུབ་ཀུན་སྩོལ་བ། །དེ་ཡི་ལྟོ་བར་ལྷ་རྣམས་ཀུན། །དཀྱིལ་འཁོར་མཆོག་ཏུ་རྨད་བྱུང་བ། །རོ་མ་རེ་ཕ་རྡོ་རྗེ་མཆོག །གྲུ་གསུམ་དྲ་བ་ལེགས་པར་དབུལ། །རྡོ་རྗེ་ལྕགས་ཀྱུ་སོགས་སྦྱོར་བས། །སྔགས་དང་ཕྱག་རྒྱ་ཡང་དག་ལྡན། །དེ་ཉིད་གསུམ་ནི་རྣ་བ་རུ། །བཀབ་སྟེ་ཡེ་ཤེས་མེ་དགུག་བྱ། །ནྱ་གྲོ་དྷ་དང་ཨ་ཤྭཏྠ། །ཀངྐེ་ལི་དང་ཙུ་ཏ་དང་། །མཆོད་སྦྱིན་ལུས་ལས་བྱུང་བ་ཡི། །ལྕུག་མ་སར་པ་དང་ཀུ་ཤ །ཐབ་ཀྱི་དབུས་སུ་ལེགས་འདུ་ཤ །འོ་མ་སྦྲང་རྩི་བསྐ་བ་ཡི། །ཤིང་དང་མཱ་དྷཱ་ཡ་ལྡན་པ། །དགེ་འདུན་རྒྱལ་རིགས་རྒྱལ་པོ་སོགས། །མཆོད་སྦྱིན་ཐབ་ལས་སྐྱེས་པའི་མེའོ། །ཞེས་པ་སྦྱིན་སྲེག་གི་མེའོ། །ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་ 53-273b དགེ། །ཚངས་པ་ལྷ་ཡི་དག་བྱེད་ཡིན། །སངས་རྒྱས་ཆོས་དང་དགེ་དུན་མཉེས། །ས་ལས་སྐྱེས་པའི་སྙིང་པོ་མཆོག །བགེགས་ཀུན་ཞི་བར་མཛད་དུ་གསོལ་སྭཱ་ཧཱ། །ཀུ་ཤའི་འདབ་མ་དགྲམ་པའི་སྔགས་སོ། །ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད་སྭཱ་ཧཱ། །ཡེ་ཤེས་ཀྱི་མེ་ཉེ་བར་བྱེད་པའི་སྔགས་སོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་སརྦ་པཱ་པ་བིགྷྣ་མཱ་རཱ་ན་བྷསྨིན་ཀུ་རུ་ཧཱུཾ་ཕཊ། ཡུངས་ཀར་ལྔ་འདོར་བའིའོ། །ཨོཾ་ཨཱཿ བིགྷྣཱནྟ་ཀྲྀཏ་སརྦ་ཀླེ་ཤོ་པ་ཀླེ་ཤཱགྣིཾ་ཤཱནྟིཾ་ཀུ་རུ་ཧཱུཾ་ཕཊ། ཆུ་འདོར་བའིའོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་སརྦཱ་བ་ར་ཎཾ་མ་མཱ་པ་ན་ཡ་ཧཱུཾ། ཁམ་ཕོར་དཀར་པོ་འདོར་བའིའོ། །ཨ་ཨཱཿབིགྷྣཱནྟ་ཀྲྀཏ་སརྦ་པུཎྱ་ཛྙཱ་ན་སམྦྷ་རཱ་ན་ཌྷོ་ཀ་ཡ་ཧཱུཾ་སྭཱ་ཧཱ། ཟན་འདོར་བའིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་སྭཱ་ཧཱ། དྲི་ལྔ་ལ་སོགས་པའི་ཁྲུས་ཀྱིའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ། གསར་དུ་མེ་སྦར་བའི་འོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་ཀཱ་མཱགྣ་ཡེ་ཨ་དཱི་པྱཱ་དཱི་བྱ་ཨཱ་བི་ཤཱ་བི་ཤཱ་ཡ་ཧཱ་ཤྲྀ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་སྭཱ་ཧཱ། མེའི་དགང་བླུགས་ཀྱིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའིའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམྦཱ་རའིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླཀྵའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། བ་ཊའིའོ། །ཨོཾ་བཛྲ་ས་ཧ་ཀཱ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཨོཾ་བཛྲཱ་རྐཱ་ཡ་སྭཱ་ཧཱ། ཨརྐའི་འོ། །ཨོཾ་བཛྲ་སོ་མཱ་ཡ་སྭཱ་ཧཱ། པ་ལཱ་ཤའིའོ། །ཨོཾ་བཛྲཱངྒཱ་རཱ་ཡ་སྭཱ་ཧཱ། སེང་ལྡེང་གིའོ། །ཨོཾ་བཛྲ་བུ་དྷཱ་ཡ་སྭཱ་ཧཱ། ཨ་པ་མཱརྒའི་འོ། །ཨོཾ་བཛྲ་ཤ་ནཻཤྩ་རཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ་དང་ཀུནྡའིའོ། །ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བའིའོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨྃ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མའིའོ། །ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའིའོ། ། 53-274a ཨོཾ་སརྦཱརྠ་སིདྡྷི་ཡེ་སྭཱ་ཧཱ། ཡུངས་ཀར་གྱིའོ། །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་དང་བུ་རམ་གྱིའོ། །ཨོཾ་ཨཱཿབཛྲ་ཨཱ་དཪྴ་ན་ཕ་ལཱ་ཡ་ཨཾ་སྭཱ་ཧཱ། ཀོ་ལའི་འབྲུ་ལ་སོགས་པའིའོ། །ཨོཾ་ཨཱཿབཛྲ་བཱ་སེ་སེ་ཧཱུཾ་སྭཱ་ཧཱ། གོས་ཀྱིའོ། །ཨོཾ་ཨཱཿབཛྲ་ཏམྦཱུ་ལཱ་ཡ་སྭཱ་ཧཱ། སོ་རྩིའིའོ། །མེ་ལ་སྲེག་བླུགས་སྔགས་དང་ནི། །སྤེལ་བ་རབ་ཏུ་སྦྱར་བར་བྱ། །རང་གི་འདོད་ལྷའི་སྔགས་ཀྱིས་ནི། །དགང་བླུགས་ལེགས་པར་སྤྱད་པར་བྱ། །ཞེས་པ་བསྲེག་བྱའི་སྔགས་སོ། །དེ་ནས་སྔགས་པ་མཉམ་གཞག་པས། །ཁ་དོག་དྲི་དང་སྒྲའི་རྣམ་པས། །དེ་བཞིན་བཟང་ངན་མེ་ཡི་ནི། །མཚན་མ་ཉེ་བར་བརྟག་པར་བྱ། །ཟླ་བ་ཆུ་ཤེལ་ནོར་བུ་འདྲ། །བ་མོ་སྤྱི་བླུགས་ལྟ་བུ་དང་། །པུཥྤ་རཱ་ག་དང་འདྲ་བས། །སེམས་ཅན་སྡིག་པ་ཉམས་པར་བྱེད། །ཀུནྡ་ཟླ་བ་ལྟར་སྣུམ་དང་། །གཟུགས་མཛེས་བཻཌཱུཪྻ་ལྟ་བུ། །དུ་བ་མེད་ཅིང་དྲི་མེད་པའི། །མེ་ཡིས་ནད་མེད་རིགས་འཕེལ་བྱེད། །བནྡྷུ་ཀིངྴུ་ཨ་ཤོ་ཀ །ཡ་བའི་མེ་ཏོག་འདྲ་བ་དང་། །འདམ་བུ་ཆུ་གཤེར་གསེར་ལྟ་བུས། །རྒྱལ་སྲིད་དབང་ཕྱུག་སོགས་དབང་བྱེད། །ཙམྤ་ཨུཏྤ་ལ་ཨཽ་ཤཱིར། །མཱ་ལ་ཏཱི་དང་པདྨ་མཚུངས། །ག་པུར་ཁ་ཆེ་ཨ་ཀ་རུ། །ཙནྡན་གླ་རྩིའི་དྲི་ལྡན་པས། །དྲིའོ། །པི་ཝང་གླིང་བུ་རྫ་རྔ་སོགས། །དུང་དང་ཆ་ལང་སྒྲ་བཟང་དང་། །སིལ་སྙན་ཟབ་མོ་ངེས་སྒྲོགས་པའི། །མེ་ཡིས་ཀུན་ལ་བདེ་བ་སྟེར། །སྒྲའོ། །དཔལ་བེའུ་གདུགས་དང་དུང་འདྲ་དང་། །རྩ་གསུམ་བུམ་པ་ལྟ་བུ་དང་། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་མཆོག །བཀྲ་ཤིས་དང་ནི་གླང་པོའི་དབྱིབས། །དགའ་བ་ལ་སོགས་གཡས་སུ་འཁྱིལ། །གཅིག་ཏུ་བསྡུས་པས་དོན་ཆེན་སྦྱིན། །རྩེ་མོ་གཅིག་ཏུ་འབར་བའི་མེ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །གཡོ་མེད་རྩེ་མོ་གཉིས་པ་འབྲིང་། །རྩེ་མོ་བཞི་པས་ལེགས་རྒྱས་སྦྱིན། །འདི་ནི་དགེ་བར་རིག་བྱ་སྟེ། །དེ་བཞིན་དེ་ལས་བཟློག་མི་དགེ། །སྲེག་རླུགས་སྦྱིན་སྲེག་ཆོ་ག་ཉིད་ཀྱིས་ཙཱ་རུ་རབ་བསྒྲུབ་སྟེ། །འོ་ཐུག་ཁཎྜ་བུ་རམ་དབུ་བ་འབྲས་དང་ལྡན། །བདུད་རྩི་ལྔ་དང་སོ་སོར་ལྡན་ལས་ལེགས་གྲུབ་ཟས། །གསེར་སོགས་ 53-274b སྣོད་དུ་བཞག་པ་སོ་སོར་དབུལ་བར་བྱ། །ཨོཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཨོཾ་ཨཱཿཧཱུཾ། ཨོཾ་དི་བྱཱནྣེ་ས་མཱ་དྷི་དྷྱཱ་ན་པྲཱ་ཎ་ནེ་སྭཱ་ཧཱ། ཞེས་པ་འདིས་སྦྱངས་ཏེ་དབུལ་བར་བྱའོ། །དེ་བཞིན་གཤེགས་པའི་ལྷག་མ་འདི། །ཟོས་པས་སྡིག་པ་ཉམས་པར་བྱེད། །ཅེས་བརྗོད་ནས་མཆོད་སྦྱིན་བྱེད་པ་རྣམས་ལ་ཙཱ་རུའི་ལྷག་མ་སྦྱིན་དུ་གཞུག་པར་བྱའོ། །དགང་བླུགས་དང་རྣམ་པ་མང་པོའི་གོས་དང་འབྲས་བུ་ལ་སོགས་པས་མེ་དང་བདེ་བར་གཤེགས་པ་དང་མདོ་དང་འཇིག་རྟེན་སྐྱོང་བ་དང་བཅས་པ་རྣམས་ཡང་དག་པར་མཉེས་པར་བྱས་ནས། གཏོར་མའི་ཆོ་ག་དང་ཉེ་བར་སྤྱོད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་ལ་གནས་པ་ཐམས་ཅད་ཀྱང་ཡང་དག་པར་མཆོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་གཞན་ནུས་པ་མ་མཆིས་པས། །མ་ཚང་བགྱིས་པ་དེ་ཀུན་ལ། །བདག་ལ་བརྩེ་བས་བཟོད་མཛད་འོས། །ཤེས་རབ་ཡེ་ཤེས་དྲི་མེད་པས། །སློབ་དཔོན་དང་ནི་རྒྱལ་པོ་དང་། །སྦྱིན་པ་བྱེད་པའི་སྐྱེ་བོ་ལའང་། །དུས་ཀུན་ཞི་དང་བདེ་ལེགས་མཛོད། །རང་འདོད་རྗེས་འབྲངས་སྨོ་ལམ་གྱི། །ཁྱད་པར་དག་ཀྱང་གདབ་བྱ་ཞིང་། །དགེ་འདུན་ཚོགས་ཀུན་མཆོད་སྟོན་གྱིས། །སྤྲོ་བར་བྱས་ཏེ་གཤེགས་སུ་གསོལ། །བྱ་བ་བཅུ་ནི་ཡང་དག་བསྡུས་པ་རབ་བསྒྲུབས་པའི། །དགེ་བ་རྣམ་དག་ཡེ་ཤེས་བཅུ་ཡིས་སྦྱངས་པ་ལས། །སྐྱེ་དགུའི་ཡིད་ཀྱི་མ་རིག་མུན་པ་མཐར་བྱས་ཏེ། །མྱུར་དུ་ཕ་རོལ་ཕྱིན་མཆོག་ས་ནི་རབ་བགྲོད་ཤོག །མེའི་བྱ་བ་བཅུ་པའོ་ཞེས་པ་དབྱིག་གི་ཕྲེང་བ་ཞེས་བྱ་བ་ཆོ་གའི་བྱ་བ་བཅུ་པ་རྫོགས་སོ།། །།གཞུང་འདི་ལྷ་དང་བཅས་པའི་སྐྱེ་དགུའི་འདྲེན་པ་དམ་པ་ཆོས་ཀྱི་རྗེ་སྤྲུལ་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་ལུང་བཞིན། ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་ས་སྐྱོང་བ་མཁྱེན་པའི་སྤྱན་ལྡན་དཔོན་ཆེན་ཀུན་དགའ་བསོད་ནམས་རིན་ཆེན་དབང་གི་རྒྱལ་པོའི་བདག་རྐྱེན་ལས་དཔལ་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བའོ།། །།

53-274b 欲論 ༄༅༅། །རྒྱ་གར་སྐད་དུ། ཀཱ་མ་ཤཱསྟྲ་ནཱ་མ། བོད་སྐད་དུ། འདོད་པའི་བསྟན་བཅོས་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གསལ་དང་ཡན་ལག་བདེ་སྟངས་དང་། །རིགས་དང་རྫས་དང་སྔགས་རྣམས་ 53-275a ནི། །སྔགས་པས་ཤེས་ནས་འཇིག་རྟེན་འདིར། །བདེ་བའི་མཆོག་ནི་བསྒྲུབ་པར་བྱ། །བདེ་བའི་ཁྱད་པར་བསྐྱེད་པའི་ཕྱིར། །དྲང་སྲོང་སྭ་ར་ཡ་ནས་གསུངས། །འདོད་པའི་བསྟན་བཅོས་འབུམ་སྡེ་ལས། །ཀླུ་སྒྲུབ་ཀྱིས་ནི་སྟོང་ཕྲག་གཅིག །བསྡུས་ཏེ་དེ་ལས་བདག་གིས་ཀྱང་། །བདེ་བ་བསྒྲུབ་ཕྱིར་འདི་གསུང་ངོ་། །འབད་པས་རོལ་བྱེད་མ་རྣམས་ཀྱི། །མཁས་པས་བདེ་བ་བསྐྱེད་པར་བྱ། །ཡང་ན་ཤེས་པ་ཙམ་གྱིས་ནི། །རོལ་བྱད་མ་ཡི་རིགས་ཤེས་འགྱུར། །འདོད་པ་བསྟེན་པའི་དུས་སུ་ནི། །བུད་མེད་རྣམས་ནི་མགུ་བར་འགྱུར། །བུད་མེད་རིགས་ནི་རྣམ་བཞི་སྟེ། །སྐྱེས་པ་རྣམས་ཀྱང་དེ་བཞིན་ནོ། །པདྨ་ཅན་དང་དུང་ཅན་མ། །གླང་ཆེན་མ་དང་སྣ་ཚོགས་མ། །རི་བོང་དང་ནི་ཁྱུ་མཆོག་དང་། །རྟ་དང་དེ་བཞིན་དགོ་བ་དང་། །པདྨའི་གདོང་ཅན་སྐལ་བཟང་མ། །འདོད་པའི་གཟུགས་ཅན་བུད་མེད་མཆོག །ཁམས་གསུམ་ཀུན་དུ་གྲགས་པ་ཡི། །པདྨ་ཅན་གྱི་མཚན་ཉིད་དོ། །གདོང་པ་རིང་ཞིང་གཟུག་བཟང་མ། །སྐལ་ལྡན་ཀུན་གྱི་ཡིད་དུ་འོང་། །ངང་པའི་འགྲོས་ཅན་བློ་བཟང་མ། །འདི་ནི་དུང་ཅན་མ་ཞེས་བྱ། །ཚོ་ཞིང་ཅུང་ཟད་མཆེ་བ་ཅན། །ཡན་ལག་མ་ཉམས་མཛེས་ལྡན་མཆོག །མདོག་ལྡན་སྐལ་བཟང་གསང་བ་ཐུབ། །དེ་ནི་གླང་ཆེན་མ་རུ་གྲགས། །སྐྱུང་ཀའི་དབྱངས་ཅན་ཡན་ལག་གནག །སྣ་ཚོགས་གཟུགས་ཅན་སྙན་པར་སྨྲ། །བྱམས་ལྡན་སེམས་ནི་མ་དཀྲུགས་མཆོག །དེ་ནི་སྣ་ཚོགས་མ་ཞེས་བྱ། །པགས་པ་སྟོང་ཞིང་འཇམ་པ་དང་། །གསེར་གྱི་མེ་ཏོག་དང་མཚུངས་རྟགས། །ཡན་ལག་བཀྲ་ཞིང་ཁ་དོག་གནག །གང་གི་རྟགས་ནི་དེ་རི་བོང་། །གདོང་པ་རིང་ཞིང་སྐད་བཟང་མཆོག །རོལ་བྱེད་མ་རྣམས་མགུ་བར་བྱེད། །པགས་པ་དམར་ལྡན་རྩེད་མོ་མཛེས། །དེ་ཡི་རྟགས་ལྡན་ཁྱུ་མཆོག་ཡིན། །ཤིན་ཏུ་རིང་ཞིང་སྦོམ་པ་ནི། །དཔག་མེད་ཡོན་ཏན་སྟེར་བའོ། །མགྲིན་སྔོན་དང་ནི་ཚུངས་པ་སྟེ། །འབྲས་ཅན་ལྟར་ནི་བཤད་པ་ཡིན། །ཐུང་ཞིང་སྦོམ་པ་གླང་ཉ་ཡིན། །བརྟན་ཞིང་རོལ་ 53-275b བྱེད་མ་ཡིད་འོང་། །རྟགས་ཀྱི་ཐ་སྙད་དེ་ཡིས་ནི། །རི་དྭགས་དགོ་བ་ཞེས་སུ་བརྗོད། །འདོད་པའི་བསྟན་བཅོས་མཐའ་དག་ལས། །རྟགས་ཀྱི་མཚན་ཉིད་འདི་བཞི་བསྟན། །ལྷན་ཅིག་སྐྱེས་པ་བད་ཀན་ཅན། །རིང་བ་རླུང་ཅན་མཁྲིས་པ་ཅན། །རྐེད་པ་ཟླུམ་ཞིང་བཟང་པོ་སྟེ། །པདྨའི་འདབ་མ་དང་མཚུངས་མིག །ཡོངས་སུ་རྫོགས་ཤིང་འདོད་པ་རྫོགས། །སྐྱེ་གནས་མཛེས་པ་ལྷན་ཅིག་སྐྱེས། །བུད་མེད་མདོག་དཀར་པདྨ་ཅན། །ཡིད་འབྱུང་ལས་བྱུང་རིང་བར་བཤད། །ཚོ་ཞིང་གསང་བ་རྒྱས་པ་ནི། །གྲང་བའི་རེག་ལྡན་བད་ཀན་ཅན། །མགོ་ཡི་ཤ་རྒྱས་བཟང་མོ་སྟེ། །ཁ་ཡི་འགྲམ་གཉིས་ཤིན་ཏུ་དོག །སྐྲ་ལི་མགོ་བོ་ལྷག་པར་ཆེ། །གང་གི་མཚན་མ་དེ་རླུང་ཅན། །སྦལ་པའི་རྒྱབ་འདྲ་མགྲིན་པ་སྲ། །དྲོ་བའི་རེག་པ་ཡང་དག་ལྡན། །མདོག་སེར་ཟླ་མཚན་མྱུར་བ་ནི། །མཚན་མ་དེ་ཡོད་མཁྲིས་པ་ཅན། །དུས་ཀྱི་སོར་ནི་རི་བོང་སྟེ། །དེ་བཞིན་རྒུ་བ་ཁྱུ་མཆོག་བཅད། །རྟ་ནི་ལོ་ཡི་ཟླ་བའི་ཚད། །བཟང་པོའི་ཚད་ནི་དགོ་བའོ། །རིགས་ཀྱི་སྦྱོར་བ་འདི་ཡིས་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །བུད་མེད་ངག་གི་རིགས་དག་དང་། །མཚོན་པས་ཐེ་ཚོམ་མེད་པར་ཤེས། །པདྨ་ཅན་ནི་ནོར་སྦྱིན་མོ། །དུང་མ་དྲི་ཟ་མོ་རུ་བཤད། །གླང་ཆེན་ཤ་ཟ་མ་ཡིན་ཏེ། །སྣ་ཚོགས་མ་ནི་སྲིང་མོར་བཤད། །རི་བོང་པདྨ་ཅན་གྱི་བདག །ཁྱུ་མཆོག་དུང་མ་དེ་བཞིན་ཏེ། །རྟ་ནི་གླང་ཆེན་མ་ཡི་བདག །སྣ་ཚོགས་མ་ནིང་གོ་བའོ། །ནོར་སྦྱིན་མོ་ནི་ནོར་གྱིས་མགུ། །དྲི་ཞིམ་སྤོས་སོགས་དྲི་ཟ་མོ། །བཟའ་དང་བཅས་པ་ཤ་ཟ་མགུ། །དཔའ་བ་གཉིས་ཀྱིས་སྲིན་མོ་མགུ། །རིགས་མི་མཐུན་པ་མཐུན་བྱའི་ཕྱིར། །རྫས་ཀྱི་སྦྱོར་བ་བཤད་པར་བྱ། །ལན་བརྒྱ་བཀྲུས་པའི་མར་གྱིས་ནི། །རྟགས་ནི་འབད་པས་བསྐུ་བར་བྱ། །མེ་ལ་ཅུང་ཟད་བསྲོས་གྱུར་ན། །འདོད་པའི་དུས་སུ་སྦོམ་པར་འགྱུར། །རྩ་བ་བཅུ་པའི་བཅུད་ཀྱིས་ལེན། །བཞོས་ཐོག་འོ་མ་བསྲེས་ཏེ་བཏུང་། །འདོད་པའི་ནུས་པ་མེད་པ་རྣམས། །བཟློག་དཀའི་འདོད་པ་སྐྱེ་བར་འབྱུང་། ། 53-276a སྦལ་པའི་ཡན་ལག་ལྔ་བླངས་ནས། །ཆུ་སྐྱེས་དམར་པོའི་ཟེའུ་འབྲུ་བསྲེས། །ཕྱེ་མ་བྷ་གའི་ནང་དུ་ནི། །ཞག་གསུམ་བཅུག་པས་ཆུང་བར་འགྱུར། །གང་དུ་ཟླ་བ་གནས་པར་ནི། །དེར་ནི་འདོད་པ་རྟག་ཏུ་གནས། །གཅིག་ཏུ་གྱུར་པས་མཉམ་པའི་བདེ། །ལོངས་སྦྱོད་གྲོལ་བར་མཁས་པས་བསྐྱེད། །ཡུལ་དང་རིགས་ཀྱི་བྱེ་བྲག་ནི། །ཤེས་ནས་ལས་ཀྱི་ཚོགས་རྣམས་སྦྱར། །སོ་དང་སེན་མོ་གནས་རྣམས་ནི། །ཆོས་ཀྱི་སྦྱོར་བས་ཤེས་པར་བྱ། །ཚེས་གཅིག་ལ་ནི་སྤྱི་བོ་སྟེ། །གཉིས་པ་ལ་ནི་རྣ་བར་བཤད། །གསུམ་པ་ལ་ནི་སྣ་དུ་སྟེ། །དེ་བཞིན་བཞི་པ་གདོང་ཡིན་ཏེ། །ལྔ་པ་ལ་ནི་མགྲིན་པར་གནས། །དྲུག་པ་ལ་ནི་དཔུང་པར་རོ། །བདུན་པ་ལ་ནི་སྙིང་གར་གནས། །བརྒྱད་པ་དེ་བཞིན་སྙིང་གར་བསྟན། །དགུ་པ་ལྟེ་བར་བལྟ་བར་བྱ། །བཅུ་པ་སྐྱེ་རགས་འཁོར་བར་གནས། །བཅུ་གཅིག་པ་ནི་གསང་བར་བརྟག །བཅུ་གཉིས་པ་ནི་བརླ་དག་གནས། །བཅུ་གསུམ་པ་ནི་པུས་མོ་སྟེ། །བཅུ་བཞི་པ་ནི་བྱིན་པ་གཉིས། །གནམ་སྟོང་ལ་ནི་རྐང་བོལ་དུའོ། །ཡར་ངོའི་ཟླ་བ་གནས་ལ་ནི། །རིམ་ཞིན་དུ་ནི་བཟློག་པར་བྱ། །འཕེལ་དང་འགྲིབ་པའི་ཚུལ་དུ་ནི། །མཁས་པས་ཤེས་ནས་སྤེལ་བར་བྱ། །སྨིན་དྲུག་དང་ནི་སྨལ་པོ་མགོ། །ཁ་དང་རྟ་ཆུང་དེ་བཞིན་ཏེ། །བྲེ་དང་ཕུལ་དག་ཚེས་ལ་ནི། །མཁས་པས་རྟག་ཏུ་སྤང་བར་བྱ། །དུས་མིན་ལ་ནི་མི་བརྩམ་སྟེ། །རོལ་བྱེད་མ་དང་ཕྲད་མི་བྱ། །གལ་ཏེ་ཆགས་པས་འཇུག་གྱུར་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །མཉམ་པའི་བདེ་བ་དུས་སུ་ནི། །རོལ་མོ་སྣ་ཚོགས་བསྟེན་པར་བྱ། །བུད་མེད་མཆོག་རྣམས་མགུ་བྱའི་ཕྱིར། །དང་པོ་ཐུན་གཉིས་བསྟེན་པར་བྱ། །སོ་དང་སེན་མོས་གདབ་པ་ནི། །བདེ་བའི་དུས་སུ་བསྟེན་པར་བྱ། །བདེ་བས་མྱོས་པའི་དུས་སུ་ནི། །སེན་མོ་ལ་སོགས་ཁྱད་པར་གདབ། །ཉི་མ་ཟླ་བ་འཕོ་དུས་དང་། །ཟླ་བ་ཞག་གི་མཚམས་དེ་བཞིར། །འཆི་བས་འདོད་པ་སྤྱད་མི་བྱ། །བུད་མེད་ཟླ་མཚན་དུས་སུ་ནི། །ས་ 53-276b བོན་ལེན་པས་སྤང་བར་བསྔགས། །སྐལ་ལྡན་མ་ཡི་བྷ་ག་ལས། །མཁས་པས་མེ་ཏོག་བླང་བྱས་ནས། །བཞོས་ཐོག་འོ་མར་བསྲེས་བྱས་ནས། །བུད་མེད་མོ་གཤམ་རྣམས་ལ་ནི། །བྱིན་པས་བུ་བཟང་སྐྱེ་བར་འགྱུར། །གཞན་གྱིས་མི་ཐུབ་དཀར་པོའི་རྩི། །སྐུད་པ་དཀར་པོས་དཀྲི་བར་བྱ། །བུད་མེད་རྐེད་པར་བཅིང་བྱས་ན། །བདེ་བར་བུ་ནི་བཙའ་བར་འགྱུར། །འདོད་པའི་བསྟན་བཅོས་རྒྱས་པ་ལས། །བཅིང་ཐབས་བཞི་པོ་བཤད་པར་བྱ། །པདྨའི་བཅིང་ཐབས་ཉིས་ལོག་དང་། །བརླ་བསྔམས་དང་ནི་རེག་པའོ། །བྷ་ག་ལ་ནི་འོ་བྱས་ནས། །སྐྱེ་གནས་ལག་པས་རྩེ་བར་བྱ། །འབད་པས་ལིངྒ་བཅུག་བྱས་ནས། །དལ་བས་བརྒྱབ་པ་བརྩམ་པར་བྱ། །རྐང་པ་བྱིན་པས་གནས་བྱས་ནས། །མགུལ་ནས་རྟག་ཏུ་འཁྱུད་པར་བྱ། །སེན་མོ་ཡན་ལག་འདྲི་བྱས་ནས། །མྱུར་བའི་བརྒྱབ་པ་བརྩམ་པར་བྱ། །འདི་ནི་པདྨའི་བཅིང་ཐབས་ཏེ། །པདྨ་ཅན་དང་ལྷན་ཅིག་བརྩམ། །འདི་ནི་པདྨ་ཅན་དགྱེས་པས། །ལྷན་ཅིག་སྐྱེས་པའི་ཡོན་ཏན་ཏེ། །རྐང་པ་གཅིག་གིས་མནན་བྱས་ནས། །རྐང་པ་གཅིག་བཅིངས་ཁྱད་པར་དུ། །འབད་པས་རྟག་ཏུ་ཆུད་བྱས་ན། །འཇམ་པའི་བརྒྱབ་པ་བརྩམ་པར་བྱ། །བྱིན་པ་ཡིས་ནི་ཕྱེ་བས་ན། །རང་གི་བྱིན་པའི་ནང་དུ་འཇུག །དེ་ནས་ཕྲག་པར་དགལ་བར་བྱ། །སླར་ཡང་མགུལ་ནས་གཟུང་བར་བྱ། །རྟགས་ནི་འབད་པས་འཇུག་བྱས་ནས། །ཡང་དང་ཡང་དུ་བརྒྱབ་པར་བྱ། །རང་གི་ཡོན་ཏན་འབྱུང་འགྱུར་ན། །འོ་མས་ལན་གསུམ་བཀྲུ་བྱས་ནས། །དེ་བཞིན་བྷ་ག་བཀྲུ་བར་བྱ། །དུང་ཅན་མ་ཡི་ནུ་མ་བཟུང་། །སྔ་མའི་འདུག་སྟངས་སླར་བཅིངས་ནས། །བསྲུབ་ཅིང་སྔགས་འདི་བརྗོད་པར་བྱ། །ཨོཾ་ཙ་ལ་ཙ་ལ་སྭཱ་ཧཱ། །སྟོང་བཟླས་པས་ནི་དངོས་གྲུབ་སྟེ། །ཡོན་ཏན་བསླབ་རྣམས་སྐྱེ་བར་འགྱུར། །དེ་ནི་གཉིད་ལོག་འདུག་སྟངས་ཏེ། །དུང་ཅན་མ་དང་ལྷན་ཅིག་བཤད། །བརླ་གཉིས་ཀྱིས་ནི་བརླ་བསྡམས་ཏེ། །ནུ་མ་ 53-277a ལག་པས་གཟུང་བར་བྱ། །བྱིན་ཁུང་གྲུ་མོས་ཕྱེ་བྱས་ནས། །འབད་པས་རྟགས་ནི་འཇུག་པར་བྱ། །དེ་ནི་གླང་མོ་དག་གིས་ནི། །རོལ་བྱེད་མ་ཡི་བྱིན་པ་ཕྱེ། །མ་མཆུ་ཙུམ་པ་བྱས་ནས་སུ། །དེ་ཡི་འོག་ཏུ་བརྒྱབ་པར་བྱ། །འདི་ནི་བསྡམས་པའི་འདུག་སྟངས་ཏེ། །གླང་ཆེན་མ་ལ་སྦྱར་བྱས་ནས། །ཡོན་ཏན་རྒྱུན་རྣམས་སྟེར་བར་འགྱུར། །ཡན་ལག་ཕན་ཚུན་འཁྱུད་བྱས་ནས། །རོལ་བྱེད་མ་ཡི་ནུ་དྲག་འཇིབ། །རང་གི་བརླ་སྟེང་གཞག་བྱས་ནས། །རྟགས་ནི་འབད་པས་འཇུག་པར་བྱ། །ས་ལ་བསྡད་པར་བྱས་ནས་ནི། །དེ་འོག་མགྲིན་པ་གཡས་པས་འཁྱུད། །ལག་པ་གཡོན་པ་གཙོ་བོས་གཟུང་། །ཡང་དང་ཡང་དུ་བརྒྱབ་པར་བྱ། །སྣ་ཚོགས་མ་དང་ལྷན་ཅིག་ཏུ། །རེག་པའི་དུག་སྟངས་ཙོག་བུར་བཤད། །སྣ་ཚོགས་མ་ནི་ཙུམ་པ་ནས། །མགྲིན་པར་འཁྱུད་པས་ཡོན་ཏན་སྟེར། །དེ་དང་ཆང་ནི་བཏུང་བར་བྱ། །བཅུད་ཀྱིས་ལེན་ཀྱང་ཁྱད་པར་དུ། །ཡང་དང་ཡང་དུ་ངལ་སོ་ཞིང་། །སོ་རྩི་དག་ཀྱང་བཟའ་བར་བྱ། །ཚིག་ནི་སྙན་པར་སྨྲ་བར་བྱ། །འབད་པས་རིགས་ཀྱི་སྒྲ་ནི་བརྗོད། །དུས་ཤེས་པ་ཡི་མཁས་པས་ནི། །སྣ་ཚོགས་གོས་ནི་བགོ་བར་བྱ། །པདྨའི་དྲི་ཅན་པདྨ་ཅན། །དུང་མ་མར་གྱི་དྲི་ཡིས་བརྟག །གླང་ཆེན་མ་ནི་རྡུལ་དྲིས་སོ། །འོ་མའི་དྲི་ཡིས་སྣ་ཚོགས་བརྟག །ནུ་མ་བཙིར་བར་བྱ་བ་དང་། །མཁས་པས་མང་དུ་ཙུམ་པ་ན། །མགྲིན་པར་འཁྱུད་ཅིང་མ་མཆུ་མྱང་། །དེ་ལྟར་ལས་རྣམས་བྱས་ནས་ནི། །དེ་ནས་གླུ་དང་གར་རྣམས་ཀྱིས། །རོལ་བྱེད་མ་རྣམས་མགུ་བར་བྱ། །འདོད་ཆགས་ཁྱད་པར་སྦྱར་བ་ཡིས། །འཁོར་བའི་སྡུག་བསྔལ་སྐྱེ་མི་འགྱུར། །འདོད་ལྡན་གང་ཟག་རྣམས་ཀྱིས་ནི། །སེར་སྣ་ཞེ་སྡང་སྤང་བར་བྱ། །དུལ་ཞིང་ངོ་ཚ་ཤེས་པ་དང་། །རོལ་བྱེད་མ་ཡི་རྩེ་ཟླ་རྣམས། །འབད་དེ་ཀུན་དུ་གསང་བར་བྱ། །འཇམ་པས་འདུལ་ཏེ་དྲག་པོས་མིན། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི། །འདོད་པའི་བསྟན་བཅོས་རྒྱས་པ་ལས། །བསྡུས་ཏེ་གཟུགས་བཟང་བདག་གིས་ནི། །འགྲོ་ལ་ཕན་ཕྱིར་སྙིང་པོར་བསྡུས། །འདོད་པའི་བསྟན་བཅོས་མདོར་བསྡུས་པ་སློབ་དཔོན་གཟུགས་བཟང་གིས་མཛད་པ་རྫོགས་སོ།། །། 53-277b empty page